དྷ་སའི་གནམ་གཤིས་དང་བདག་གི་ངོ་གདོང་།

སྐྱོ་གར་དབྱངས་ལ་འཐེན་པའི་མི་ཚོགས་ཀྱི་ཁྲོད་ནས།།

དགུན་གསུམ་ཙག་གི་འཁྱག་ཤད་ལ་ཐོད་ལ་བབས་སོང་།།

མ་མཇལ་འཚམས་འདྲིའི་གླུ་སྐད་ཕན་ཚུན་ལ་གྱེར་དུས།།

ཡ་ཆུང་འགྲིན་པ་དཀར་པོའི་འཕྲུལ་འཁོར་དེ་འཐོར་སོང་།།

ཡོད་ཚད་རྒྱང་ནས་བསྐྱུར་བའི་ཆོད་སེམས་ཀྱི་འོག་ནས།།

ངེས་མེེད་ཡུལ་གྱར་སེམས་པ་རི་གྲོང་ལ་ཆགས་འདུག།།

སྣ་ཚོགས་མི་རིགས་འདྲེས་པའི་’མེག་གྷན’གྱི་མངལ་ནས།།

ཡབ་མེད་བྱིས་ཕྲུག་ཅི་འདྲའི་མང་དག་ཅིག་སླེབས་འདུག།

 

སྐྲ་སེར་དམར་ནག་སུམ་འཛོམས་མི་ཡུལ་གྱི་ཁྱད་ཆོས།།

དཀའ་སྤྱད་འཚོ་བའི་རྨི་ལམ་འཇིག་རྟེན་གྱི་ཆོས་ཉིད།།

རྒན་གཞོན་བར་གསུམ་སྨྱོས་པ་དྷ་ས་ཡི་རང་གཤིས།།

དགེ་བཤེས་སྒང་ནས་འབབ་པ་དེང་སང་གི་ཁ་ཕྱོགས།།

 

ལུས་ཟུངས་གོས་ཀྱིས་མ་སྐྱོབ་དེ་རིང་གི་གནམ་གཤིས།།

ཁ་ཕོར་ལག་ནས་མ་ཐུབ་གཏམ་རྒྱུད་ཀྱི་ཐོག་མ།།

ཞལ་ལྕེའི་འདབ་མ་མ་ལྡོབ་ཙག་རླུང་གི་ཤུགས་རྐྱེན།།

ངོ་མཚར་སྟོང་གི་ལྟད་མོར་འདི་ལྟར་རང་འཕྲད་སོང་།།

 

སྲང་ལམ་དོག་པའི་ལ་ཁར་རླངས་འཁོར་གྱིས་འཚང་ཁ།།

གནས་གཤིས་གྲང་བའི་ལ་ཁར་སྣ་ཆུ་ཡིས་འགྲམ་ལྕག།

གང་གིས་བསྒྱུར་དུ་མེད་པའི་ཨ་རོགས་ཀྱི་ངོ་གདོང་།།

ལམ་འཕྲིན་ཁེར་རྒྱུག་བར་ནས་སྟོན་དགོས་ཀྱང་ཐུག་སོང་།།

 

ཆགས་ཞེན་སེམས་ཀྱི་མྱོང་བ་ཤི་ཡུལ་ནས་མི་བརྗེད།།

‘མེག་གྷན’་འཁོར་ཡུག་སྐྱོ་བོ་སྣང་ཡུལ་ལ་མི་ལེན།།

དེ་རིང་དོན་གྱིས་མྱངས་པའི་འཁྱག་ལྟོགས་ཀྱི་རི་མོ།།

དྲན་འཛིན་སེམས་ཀྱི་ཁམས་ལ་བརྗེད་བྱང་དུ་བསྐོས་ཡོད།།