སྦྱང་མ་མྱོང་བའི་ནང་ཆོས་ལ་དགག་པ་ནི་འགྲོ་མ་མྱོང་བའི་ཡུལ་ཁམས་ལ་སྨད་པ་མ་ཡིན་ནམ།

གཅིག། 

སྤྱིར་ཡིད་ཆེས་མེད་པའི་སྤྱི་ཚོགས་ཤིག་ནས་རྒྱུ་མཚན་མེད་པའི་འཆལ་གཏམ་ལ་ཉན་རྒྱུ་མི་དགའ་མོད། འོད་ཀྱང་ཐོས་ཚད་ལ་ཉན་འཇོག་བྱས་པའི་ཟོལ་གྱིས་ཁུ་སིམ་སིམ་ངང་མི་སྨྲ་རྟུལ་ཞུགས་ཀྱི་ཚུལ་དུ་བསྡད་ན་དགོས་པ་དང་རྒྱབ་ལྗོངས་ཆེ་ཆར་མ་མཐོང་། དེས་ན་དེ་རིང་ངས་ཁ་ནས་དྲན་ཚོད་ཅིག་གླེང་བསམ་ན་ཡང་རྣམ་རིག་སྒྲུམ་སྟེ་མ་བཤད་ན་ཟེར་ཉེས་དང་བཤད་ཉེས་ཨེ་ཡོང་བསམ་སྟེ་ཅུང་ཞེད་དགོས་ཀྱང་ཐུག་སོང་། གང་ལྟར་བསམ་ཚུལ་ནི་བསམ་ཚུལ་རང་ཡིན་པས་ཟེར་ཉེས་དང་གླེང་ཉེས་བྱས་ཡོད་ཚེ་བདག་མགོ་རེག་པ་གུ་ཡང་ཞིག་གཏོང་རོགས།

ངས་མཚམས་འདི་ནས་རང་མགོ་གར་ཐོན་བྱས་ཏེ་ང་དང་ང་ལྟ་བུའི་གླེན་པ་དང་གླེན་མ་ཚོར་གཅིག་གཅིག་གཉིས་གཉིས་ཀྱིས་སྨྱུག་ཁའི་མཁའ་དམག་ཅིག་རྒྱག་བསམ་ན་ཡང་། ཁོ་བོའི་རེ་བ་ལྟར་གནད་དོན་རེ་རེ་བཞིན་གླེང་མི་ཐུབ་པ་འདི་ཁྱེད་ཚོ་བསོད་ནམས་ཆེ་སོང་བས་རེད་དམ་ཡང་ན་ཁོ་བོ་བྲེལ་བ་ཆེ་སོང་བས་རེད། སྤྱིར་མི་གཞིའི་སྒེའུ་ཡོལ་མེད་པའི་གུ་དོག་གི་སྐར་ཁུང་དག་ལས་ཁྱེད་ཚོའི་གྲིབ་གཟུགས་རྣམས་རེ་རེ་བཞིན་མཐོང་དུས། ད་གཟོད་ཁྱེད་ཚོའི་ལྗིད་ཚད་དང་རིང་ཐུང་རྣམས་གསལ་བོར་ཤེས་སོང་། རེད་དེ་ཁྱེད་ཚོས་གུ་དོག་པའི་བསམ་བློ་ཅན་ལ་རླབས་ཆེན་གྱི་མི་བུ་ཞེས་ཁ་དབྱངས་དང་གཟེངས་བསྟོད་བྱེད་དུས། ཁྱེད་ཚོས་རང་ཉིད་སུ་ཞིག་ཡིན་པ་ཡང་བརྗེད་འདུག།། དེས་ན་གླེན་པ་ལ་མཁས་པའི་གནས་ལུགས་མི་འཕྲོད་པ་གསལ་ན་ཡང་། གླེན་པ་ལ་གླེན་པའི་ཨུ་ཚུགས་འཕྲོད་ཤས་ཆེ་བས་གལ་གནད་འགའ་དག་གསལ་ཡོང་ཆེད་ཁྱེད་ཚོ་དང་ལྷན་དུ་རྩོད་སྒྲུབ་ཅིག་བྱེད་ན་འདོད། དེ་ནི་བདག་གིས་ནང་ཆོས་ ལ་བཟུང་བའི་ལྟ་ཚུལ་དང་། ཁྱེད་ཚོས་ནང་ཆོས་ལས་རྙེད་པའི་བསམ་ཚུལ་གྱི་སྐོར་རེད།    

            

                               གཉིས། 

ངའི་འཛིན་གྲོགས་ཤིག་གིས་ཁྱོད་ཀྱིས་མ་ཤེས་ཟེར་ཉེས་བྱེད་ན་ཁྱོད་གུ་ཡང་ལ་གཏོང་ཆོག་མོད། འོན་ཏེ་མ་ཤེས་ཤེས་མདོག་གིས་གླེན་གཏམ་བཤད་ན་ནམ་ཡང་གུ་ཡང་ལ་མི་གཏོང་་ཞེས་སྡོམ་ཚིག་བཀོད་པ་ལྟར། སྲོལ་རྒྱུན་གྱི་རིན་ཐང་དང་སྲོལ་རྒྱུན་གྱི་དམིགས་ཡུལ་སོགས་ལ་བྱང་ཆ་མེད་པའི་ཁྱི་རྒན་འུ་ཚོ་ལྟ་བུ་ཞིག་གིས་མ་ཤེས་ཤེས་མདོག་དང་མ་སྦྱང་སྦྱང་མདོག་གིས་དམིགས་བསལ་བའི་ལྟ་ཚུལ་འདོན་ཁུལ་བྱེད་པ་དེ། དཔྱོད་ཤེས་ཀྱི་བློ་མིག་བཀྲ་ཞིང་སྒེར་ཚུགས་ཀྱི་མི་གཞི་ལྡན་མཁན་ཚོས་ནམ་᫗ᩏ་གུ་ཡང་བཟོད་སྒོམ་གྱིས་ངང་ནས་མི་འཇོག་ཁོ་ཐག་རེད། རྒྱུ་མཚན་ཁྱོད་ཀྱིས་ཤེས་མདོག་མདོག་གིས་ཡིད་ལ་གང་དྲན་ཞིག་བཤད་དེ་སྤྱི་ཚོགས་ཀྱི་དགོས་འདུན་ལ་བསམ་གཞིག་མ་བྱས་པས་རྐྱེན་གྱིས་རེད།


དེང་ཐོག་བོད་པའི་སྤྱི་ཚོགས་སུ་ནང་བསྟན་ཆོས་ལུགས་ཀྱིས་གཙོའི་སྲོལ་རྒྱུན་གྱི་རིག་གནས་རྣམས་ལ་མི་འདོད་པའི་རྣམ་འགྱུར་དང་ལྷན་དུ་ཞེ་མེར་མེར་བྱེད་ཀྱིན་འདུག།། ཅིག་བྱས་ན་མི་རིགས་འདི་ཡར་རྒྱས་གོང་འཕེལ་གྱི་གོམ་ཁ་མདུན་དུ་སྤོ་པའི་རྟགས་ཡིན་སྲིད་ལ། ཅིག་བྱས་ན་མི་རིགས་འདི་སྣུམ་འཛད་ཀྱི་མར་མེ་ཅི་བཞིན་གཟིམ་ལ་ཉེ་བའི་འཆི་རྟགས་ཀྱང་ཡིན་སྲིད། གལ་སྲིད་སྲོལ་རྒྱུན་གྱི་རིག་གཞུང་ལ་དགག་རྒྱག་བྱེད་པ་དེ་བོད་ལ་རིགས་གསུམ་གྱི་འོད་མདངས་གསར་བ་ཞིག་འཆར་བའི་དན་རྟགས་ཤིག་ཡིན་ན། འདི་ལ་དགའ་བའི་ཡུ་རངས་དང་རོགས་འདེགས་ཀྱི་སྐུལ་མ་བྱེད་པ་ལས་གཞན་པའི་བསམ་བློ་གཏོང་ས་མེད། འོན་ཀྱང་སྲོལ་རྒྱུན་རིག་གནས་ཀྱི་རིན་ཐང་ལ་ལྟ་ཚུལ་འཛིན་མཁན་དང་དགག་པ་རྒྱག་མཁན་གྱི་ཤོག་ཁག་ལ་མནོ་བསམ་ཞིག་བཏང་ཚེ་བློ་ཕམ་ཡི་མུག་གི་གནས་ལས་མ་འདས། རྒྱུ་མཚན། སྲོལ་རྒྱུན་གྱི་རིག་གཞུང་ལ་དགག་རྒྱག་བྱེད་མཁན་ཚོར་མཚོན་ན་གནའ་དེང་ཟུང་འབྲེལ་གྱི་ཤེས་བྱ་དབེན་པས་མ་ཚད། རིག་གནས་ཉི་ཚེ་བ་ཙམ་ལ་ཡང་རྒྱུས་མངའ་གཏིང་ཟབ་མེད་པས་སོ། གལ་སྲིད་རིག་གཞུང་ཞིག་གི་དགེ་སྐྱོན་གླེང་དགོས་ན་རིག་གཞུང་དེ་ལ་སྦྱང་བ་སྔོན་འགྲོའི་ཐོག་འདི་ཡིན་འདི་མིན་གྱི་བསམ་ཚུལ་འདོན་དགོས་པ་ལས། གཞན་གྱིས་ཟེར་འགྲོས་ཙམ་ལ་མགོ་བོ་འཁོར་བཞིན་གང་སར་གཡམ་རྒྱུག་བྱེད་པ་ལ་དགེ་མཚན་ཏིལ་འབྲུ་ཙམ་ཡང་མེད་པས་མ་ཚད། གང་དྲན་བཤད་བསྡད་པ་དེས་མི་གཞིའི་སྙིང་སྟོབས་ལ་དམའ་འབེབ་དང་ཁྱད་གསོད་བྱས་པ་ཡང་མཚོན་ཡོད།


སྤྱིར་སྲོལ་རྒྱུན་རིག་གནས་ཀྱི་ཆ་ཡོངས་ནས་དགེ་མཚན་ལྡན་པ་ཞིག་ཡིན་ཞེས་སུས་ཀྱང་ཁ་ཚོད་བཅད་དེ་དམ་བཅའ་བཞག་མྱོང་མེད་ལ་འཇོག་མི་སྲིད་པ་ཞིག་ཀྱང་རེད། རེད་དེ་ཆ་ཤས་ཕྲ་མོ་ཙམ་གྱི་ནག་ཐིག་ལས་ཆ་ཐམས་ཆད་ནག་པོ་བཟོ་བར་དགོས་པར་འདོད་ན། དེ་ནི་རིག་གནས་ཀྱི་རིན་ཐང་འཚོལ་མ་ཤེས་པའི་དན་རྟགས་ཤིག་ལས་མི་རིགས་ལ་བཟུང་བའི་ལྷག་བསམ་དང་ལ་ཞེན་ཞིག་ནམ་ཡང་ཡིན་མི་སྲིད། དེས་ན་དགག་རྒྱག་དང་རྩོད་སྒྲུབ་ཀྱི་བདེན་པ་ར་སྤྲོད་འདོད་ན་བདེན་རྫུན་གྱི་ཤ་རྨེན་ལོགས་སུ་བསྒར་ཏེ་བཤད་དགོས་པ་གལ། 


འོན་ཀྱང་དེང་ཐོག་བོད་པའི་སྨྱུག་ཐོགས་པ་ཡིན་ཟེར་མཁན་ཚོས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་གིས་བསྐྱེད་པའི་མཁས་པ་དང་། སྲོལ་རྒྱུ་རིག་གཞུང་གིས་བསྐྱེད་པའི་གསར་བཏོད། སྲོལ་རྒྱུ་རིག་གཞུང་གིས་བསྐྱེད་པའི་སྟོབས་ཤུགས་ཅི་ཡོད་ལ་ཐུགས་བཞེས་གནང་སྟེ། བདེན་རྫུན་གྱི་འབྱེ་བ་འབྱེད་ཤེས་ཀྱི་མེད་པ་ཟད། འདིའི་ཕྱོགས་སུ་མནོ་བསམ་ཙམ་ཡང་བཏང་མྱོང་མེད་པ་འདྲ། ཉེར་ཆར་བོད་ནས་བཏོན་པའི་དཔེ་དེབ་ཅིག་ཏུ་མེས་པོ་རྣམས་ཀྱིས་བཏོད་པའི་སྲོལ་རྒྱུན་གྱི་རིན་ཐང་ལྟ་ཚུལ་ལས་སོ་སོ་སྐྱེ་བོ་ཕལ་བ་རྣམས་འདོམ་གང་ལ་བརྒལ་མི་ཆོག་པ་རེད། རྐྱེན་དེ་དག་ལ་སོགས་ཀྱི་དབང་གིས་བོད་སྤྱི་ཚོགས་ནང་མི་བུ་སྒེར་ཚུགས་ཅན་དང་བློ་དཔྱོད་ཅན་བྱུང་བ་ཧ་ཅང་ཉུང་། རེ་གཉིས་བྱུང་ན་ཡང་བཙན་གྱིས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ཕངས་མེད་དུ་ནུབ་བཅུག་པ་རེད་ཅེས་སྲོལ་རྒྱུན་རིག་གནས་གྱིས་བསྐྱེད་པའི་ཤེས་ཡོན་པའི་དཔུང་ཁག་ཅི་ཡོད་ལ་ཉལ་འདང་ཙམ་ཡང་མ་བརྒྱབ་པའི་སྐད་ཆ་ཡིག་ཐོག་ཏུ་ཕབ་པ་རེད། སྤྱིར་འདིའི་རིགས་ཀྱིས་རྩོམ་པ་པོ་རང་ཉིད་ཀྱི་ཚད་གཞི་འཛིན་བྱེད་ཙམ་ལས་སྤྱི་ཚོགས་དང་ཚོགས་སྡེ་ལ་སྒུལ་ཤུགས་ཅི་ཡང་མི་ཐེབས་ན་ཡང་། འགན་མ་ཁུང་བའི་སྐད་ཆ་མང་དྲག་ན་ཟ་ཚོད་འཛིན་མ་ཤེས་པའི་བྱེས་པའི་ལྟོ་བ་དང་གཅིག་མཚུངས་སུ་འགྱུར་སྲིད།


ང་ཚོས་འདས་ཟིན་པའི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་ཚེ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་བསྐྱེད་པའི་ཤེས་ཡོན་པའི་སྡེ་ཁག་ཅི་ཡོད་དང་། དེས་བསྐྱེད་པའི་རིག་གནས་ཀྱི་མ་ལག་ཅི་ཡོད་རྣམས་གསལ་བར་ཤེས་ལྷ་མོད། འོན་ཀྱང་རེ་ཟུང་གིས་ཚོར་བ་ཙམ་རྒྱུ་མཚན་དུ་བྱས་ཏེ་ཆ་རྒྱུས་མེད་པའི་སྐད་ཆ་འདི་འདྲ་བཤད་ཀྱིན་འདུག།། གལ་སྲིད་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་འདི་བཞིན་བོད་ཡུལ་དུ་མ་བལྟམས་ཚེ་བོད་ཀྱི་ཆབ་དཔལ་རིག་གསུམ་གྱི་མྱུར་ཚད་གང་འདྲ་ཞིག་ཏུ་ལྷུང་ཡོད་རྒྱུ་རེད། ངས་བལྟས་ན་གྲངས་ཉུང་མི་རིགས་ཁག་དང་སྡུར་ནས་བཤད་ན་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་བསྐྱེད་པའི་མཁས་པ་ཧ་ཅང་མི་ཉུང་བ་མ་ཟད་ཧ་ཅང་མང་བོ་ཡིན་པར་འདོད། 


དེས་ན་སྨྱུག་ཁ་ཤོག་ཐོག་ཏུ་སྐོར་ཤེས་པ་ཙམ་གྱིས་རང་ཉིད་ཀྱི་གཟི་བརྗིད་དུ་མི་བརྩི་བར་སྔ་ཕྱི་བར་གསུམ་ལ་གཟིགས་རྟོགས་ཟབ་རྒྱས་མཛད་དེ། མཛུབ་སྨྱུག་གི་འགུལ་སྐྱོད་རེ་རེ་ལ་འོས་འགན་གྱི་བསམ་བློ་སྟར་དགོས་པ་མ་ཟད། ཐབས་རྡུག་གི་སྤྱོད་སྟངས་རེ་རེ་ལ་གནས་ལུགས་ཀྱི་ཕོན་པོས་གཅུན་དགོས་པ་གལ། རེད་དེ་དེང་གི་བོད་སྤྱི་ཚོགས་ཀྱི་སྨྱུག་འཛིན་པ་ཚོས་ཉོག་བཤད་ག་ཚོད་བརྒྱབ་ན་རླབས་ཆེན་དང་བསམ་བློ་བ་དག་ཏུ་བརྩི་བཞིན་པ་འདྲ། ཁྱད་པར་དུ་བོད་ནང་ལོག་གི་སྨྱུག་འཛིན་པ་ཚོས་དམིགས་བསལ་གྱིས་ཉོག་བཤད་མང་བོ་བྱེད་ཀྱིན་འདུག།། སྤྱིར་ཁོང་ཚོས་ལྷག་བསམ་ཞིག་གི་ཀུན་ནས་བླངས་ཏེ་གླེང་གིན་ཡོད་སྲིད་ན་ཡང་། གོང་སྨྲོས་ལྟར་འཆར་སྣང་གི་ཚོར་འདུ་ཙམ་གྱིས་མི་རིགས་ཤིག་གི་ཚེ་སྲོག་སྐྱོབ་མི་ཐུབ་ལ། ཉིན་ཐོ་དང་ནང་སྦྱོང་བྲིས་པའི་སྨྱུག་རྩལ་ཙམ་གྱིས་སྤྱི་ཚོགས་ཀྱི་བདེ་སྡུག་ནི་དེ་བས་ཀྱང་གླེང་མི་བཏུབ།


                                  གསུམ། 

གལ་སྲིད་ངས་འདི་ལྟར་བཤད་ན་ཁྱོད་བཞད་མོ་འཆོར་སྲིད་ན་ཡང་ངས་དོན་དངོས་ཤིག་གླེང་འདོད་པ་ནི། གལ་སྲིད་ཁྱོད་ཀྱིས་སྲོལ་རྒྱུན་རིག་གནས་ཀྱི་དགེ་སྐྱོན་གླེང་སྟེ་སྤྱི་ཚོགས་ཤིག་གི་སྣེ་ཁྲིད་བྱེད་བསམ་ན། ཆེས་ཐོག་མར་སྲོལ་རྒྱུན་གྱི་རིག་ཚན་འདི་དག་ལ་སྦྱང་བ་སྔོན་འགྲོ་བྱས་ཏེ་མྱོང་བ་མངོན་གསལ་ཐོབ་དགོས་པར་བཤད་པ་འདི་ཡིན། རེད་དེ་ཁྱོད་དང་ཁྱོད་ལྟ་བུ་སྟེ་ཁ་ནས་སྐྱིད་མདོག་མདོག་བཤད་དེ་དོན་ལ་ལུས་སེམས་གཉིས་ཀ་འཁུམ་སྡོད་མཁན་ཚོར་མཚོན་ན་ལས་དོན་འདི་ཧ་ཅང་སླ་བོ་ཞིག་ག་ལ་ཡིན། དེས་ན་སྲོལ་རྒྱུན་རིག་གནས་ཀྱི་དགེ་མཚན་རྟོགས་ཏེ་སྤྱི་ཚོགས་ཀྱི་སྣེ་འཁྲིད་མ་ནུས་ན་ཡང་། ཆ་རྒྱུས་མེད་པའི་སྲོལ་རྒྱུན་གྱི་ནག་ཉེས་གླེང་བཞིན་མི་རིགས་ཤིག་གི་རྐང་ནས་འདྲེན་ན་དེ་ལ་དགོས་པ་ཅི་ཡང་མེད་པ་ཤེས་ཚོད་རེད། 


དེ་བཞིན་དུ་ནང་བསྟན་ཆོས་ལུགས་ཀྱི་བསླབ་བྱ་དང་དེས་བསྐྱེད་པའི་བསམ་བློ་རྣམས་སྒེར་ངོས་ཀྱི་སེམས་ཚོར་དང་མི་མཐུན་པ་ཙམ་གྱིས་སྐྱོན་འཛུགས་བྱེད་ན་སྤྱི་ཚོགས་ལ་འགན་མ་བླངས་པའི་དན་རྟགས་ཤིག་ལས་གཞན་དུ་འགྲོ་ས་མེད། འོན་ཀྱང་འདི་ལྟར་གླེང་དུས་བོད་པ་རྣམས་རྨོངས་དད་ཆེ་དྲག་ཚུལ་དང་། ཆོས་ལུགས་པ་རྣམས་ཕྱོགས་རིས་ཆེ་དྲག་ཚུལ་གྱི་སྒོར་རྡུང་བྱེད་ཀྱིན་འདུག། ཅིག་བྱས་ན་རྨོངས་དད་དང་ཕྱོགས་རིས་ཡོད་སྲིད་མོད། འོན་ཀྱང་གཙོ་བོ་ཆོས་ལུགས་ཀྱི་བསམ་བློ་དོར་བའི་ཕར་རྒྱབ་ཀྱི་བཀོད་པ་ལ་བསམ་གཞིག་དགོས་ཀྱང་དགག་རྒྱག་པ་ཁོང་ཚོར་མཚོན་ན་འདིའི་ཕྱོགས་ཀྱི་གྲ་སྒྲིག་དང་རྒྱུས་མངའ་ཅི་ཡང་མེད་པ་མ་ཟད། ཆོས་ལུགས་ཀྱི་བསམ་བློ་དོར་བ་ཕན་ཆད་ནས་མི་ཞེས་བྱ་བའི་སྣང་བརྙན་འདི་བཞིན་ཅི་ཞིག་ཏུ་འགྱུར་མིན་ལ་དོགས་འདྲི་ཙམ་ཡང་བྱས་མྱོང་མེད། ད་དུང་མི་རིགས་གཞན་གྱིས་སོ་སོའི་ཆོས་ལུགས་ལ་དད་གུས་དང་གདེང་འཇོག་ཅི་ཙམ་བྱེད་ཀྱིན་ཡོད་པ་དང་། ལྷག་པར་དུ་མི་རིགས་གཞན་གྱིས་ནང་བསྟན་ཆོས་ལུགས་ལ་དད་གུས་ཙམ་དུ་མ་ཟད་དངོས་སུ་ནང་བའི་བསྟན་པར་ཞུགས་མཁན་གྱི་གྲངས་འབོར་ཉིན་རེ་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དངོས་འབྲེལ་ཡིན་ཡང་། བོད་པ་ཚང་གི་རང་ཉིད་ཤེས་ཡོན་པར་རློམ་མཁན་ཚོས་གནས་སྟངས་འདི་ཚོ་གཅིག་ཀྱང་གོ་མྱོང་མེད་པ་འདྲ།


སྤྱིར་ནང་སེམས་ཞི་དུལ་གྱིས་འཚོ་ཐབས་སུ་ནང་བསྟན་ཆོས་ལུགས་ཀྱི་སྨན་མཆོག་བསྟེན་དགོས་རབས་གཙོ་གླེང་བྱེད་ན་ཡང་། འདི་ཁོ་ནའི་ཆེད་དུ་ཆོས་ལུགས་ཀྱི་རིན་ཐང་འཚོལ་དགོས་ཞེས་སུས་ཀྱང་བཤད་མེད་ལ་བཤད་ཆོག་པ་ཞིག་ཀྱང་མིན། རྒྱུ་མཚན། རྒྱལ་ཁབ་ཅིག་ལ་མཚོན་ནས་བཤད་ན་ཆོས་ལུགས་ཀྱི་སྟོབས་ཤུགས་ལས་ཆབ་དཔལ་རིག་གསུམ་གྱི་ནུས་པ་མཐོར་འདེགས་གཏོང་ནུས་པས་སོ། རྒྱུ་མཚན་འདི་དག་ལ་གཞིག་ནས་ཕྱི་རྒྱལ་ཁག་གི་སྲིད་འཛིན་དང་སྲིད་བློན་གྱིས་མཚོན་མཁས་དབང་མི་སྣ་རྣམས་ཀྱིས་ཞལ་གཅིག་གིས་ཆོས་ལུགས་ལ་གུས་བརྩི་དང་དད་མོས་གཙིགས་ཆེན་བྱེད་མུས་ཡིན། ཁྱད་པར་དུ་རྒྱ་གར་གཞུང་དམངས་གཉིས་ཀྱིས་ནང་བསྟན་ཆོས་ལུགས་ᨵ᪽ᨑᨵ᫥ᩚᨓ᪄་བྱེད་བཞིན་པ་འདི་ཡང་རང་ཉིད་ཀྱིས་ཚོགས་བསགས་སྒྲིབ་སྦྱོང་དང་། ཆོས་ཀྱི་བྱིན་རླབས་ཐོབ་པའི་ཆེད་དུ་མིན་ན་ཡང་དགོས་པ་དང་རྒྱབ་ལྗོངས་ངེས་ཅན་ཞིག་ཡོད་པ་གསལ་བོ་རེད། དཔེར་ན་སྤྱི་ལོ་༡༩༥༦་ལོར་རྒྱ་གར་གྱི་སྲིད་བློན་ནེ་རཱོ་མཆོག་གིས་སྟོན་པ་མཉའ་ངན་ལས་འདས་ནས་ལོ་༢༥༠༠འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པས་མ་ཚད། ༸་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་གདན་འདྲེན་ཞུས་པ་དང་། དེའི་རྗེས་སུ་ཡང་སྲིད་བློན་མཆོག་གི་དགོངས་ཚུལ་གཅིག་གི་འོག་ནས་ལ་དྭགས་ནང་བའི་མཚན་ཉིད་སློབ་གྲྭ་དང་། ན་ལཎ་ཊ། ས་ར་ཎ་ཐཱ་སོགས་ཀྱིས་མཚོན་ནང་བའི་སློབ་གཉེར་བྱེད་སའི་ཁོར་ཡུག་མང་པོ་གསར་བསྐྲུན་མཛད་པ་རེད། དེས་ན་དམ་པ་གང་གིས་ནང་ཆོས་ལ་གཟིགས་རྟོགས་མཛད་པ་དེས་ནང་བསྟན་ཆོས་ལུགས་ཀྱི་སྟོབས་ཤུགས་སམ་དེས་བསྐྱེད་པའི་རླབས་ཆེན་གྱི་ཕན་འབྲས་ཤིག་ཡོད་པར་མཚོན་ཡོད།


ནེ་རྭོ་དམ་པ་སྐུ་གཤེགས་པའི་རྗེས་སུ་རྒྱ་གར་གྱི་སྲིན་བློ་ཨན་དྷི་རགྷནདྷེ(IndiraGandhi) མཆོག་གིས་ཀྱང་རྒྱལ་ཡོངས་ནང་བའི་ཚོགས་ཆེན་ཐེངས་དང་པོ་ཞེས་རྒྱ་གར་གྱི་རྒྱལ་ས་དྷི་ལིར་སྐོང་འཚོགས་གནངས་པ་རེད། དེ་བཞིན་དུ་དེང་ཐོག་རྒྱ་གར་གཞུང་དམངས་གཉིས་ཀྱིས་ནང་བའི་ཆོས་དང་ལྷག་པར་དུ་ནང་བའི་གནས་ཆེན་ཁག་ལ་དམིགས་བསལ་གྱིས་ཐུགས་ཁུལ་ཆེད་བཞེས་གནང་མུས་རེད། འདི་ནི་འུ་ཚོ་དང་ཆེས་ཁ་ཐག་ཉེ་བའི་མཐོང་ཆོས་སུ་ཡོད་པའི་དཔེ་མཚོན་འགའ་ཡིན། མདོར་ན་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱིས་ཆོས་ཕྱོགས་ཀྱི་ཕན་ཐོག་གཅིག་པོ་མིན་པར་ཆབ་དཔལ་རིག་གསུམ་གྱི་ཕྱོགས་ནས་ཞབས་འདེགས་རླབས་ཆེན་ཞུ་མུས་ཡིན། འོན་ཀྱང་བོད་ནང་གི་རང་ཉིད་ཤེས་ཡོན་པར་རློམ་མཁན་མཚོས་མིག་ཡ་གཅིག་གིས་ས་སྟེང་ཐམས་ཆད་ཁེབས་དགོས་པར་རློམ་ཞོར་ཕྱོགས་ཡོངས་ལ་བསམ་གཞིགས་གཏན་ནས་བྱས་མེད། མདོར་བསྡུས་ཏེ་བཤད་ན་ནང་བསྟན་ཆོས་ལུགས་ཀྱིས་མཚོན་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་དགེ་མཚན་དང་ཕན་ནུས་རྣམས་གཞུང་ལུགས་དེ་དག་ལ་སྦྱང་བ་བྱས་ཏེ་ངེས་པ་གཏིང་གསལ་རྙེད་པའི་ངལ་བ་བསྟེན་མ་ནུས་ན་ཡང་། མི་རིགས་གཞན་གྱིས་བོད་རྒྱུད་ནང་བསྟན་ལ་གདེང་འཇོག་དང་གུས་བརྩི་ཅི་ཙམ་མཛད་བཞིན་ལ་མནོ་བསམ་ཞིག་གཏོང་དགོས་པ་བདག་གི་སྐད་ཆའི་སྙིང་དོན་དུ་ལགས་སོ།།