༄༅།། ཨ་མ་རྒས་མོའི་འཛུམ་མདངས།
༄༅།། ཨ་མ་རྒས་མོའི་འཛུམ་མདངས།
དར་མའི་ལང་ཚོ་གཉེར་མས་ཁེངས་སོང་།།
བྱིས་པའི་སེམས་པ་དར་གྱིས་བསྡུས་སོང་།།
ལང་ཚོའི་སྐྱེ་གཟུགས་རིམ་གྱིས་རྫོགས་སོང་།།
དར་བའི་འབྱུང་བཞི་འདི་ལ་ཐུག་སོང་།།
འབྱུང་བཞི་རྒུད་པའི་རྒན་མོ་ང་རང་།།
འཛུམ་གྱིས་ཁེངས་པའི་སེམས་པ་དཀར་པོ།།
ཡལ་རྒྱུ་མེད་པའི་སྤྲོ་དགའི་ཁྲོད་ན།།
ཁུ་སིམ་ཁྲོད་ནས་འདི་ལྟར་གནས་ཡོད།།
སེམས་ཀྱི་འཛུམ་མདངས་ཕ་ཁྱིམ་ཁྲོད་ན།།
རྙིང་རྒྱུ་མེད་པའི་རྒན་མོ་ང་རང་།།
ཆོག་ཤེས་ཁྲོད་ཀྱི་མི་ཚེ་སྐྱིད་པོ།།
དར་གྱིས་ཟད་ཀྱང་རྒན་མོ་སྐྱིད་སོང་།།
ཨ་མ་རྒན་མོ་སྦྲ་ཁྱིམ་འོག་ནས།།
དུངས་སེམས་དཀར་པོའི་རྒྱ་མཚོ་འཕྱུར་འཕྱུར།།
བུ་དང་བུ་མོར་ཕྱི་མིག་འཕངས་ཏེ།།
མི་ཚེའི་ལྷག་མ་རྫོགས་ལ་ཉེ་སོང་།།
ཟང་ཟིང་མེད་པའི་གདོད་མའི་ཕ་ཁྱིམ།།
ཨ་མ་རྒན་མོ་སྐྱེ་སའི་ཕ་ཡུལ།།
མི་ཚེའི་ལོ་རྒྱུས་འཛུམ་གྱིས་བསྡུས་ཏེ།།
ཕ་ཁྱིམ་འདི་ལ་ད་དུང་འཁྲེང་སོང་།།
བདེ་ཞིང་སྐྱིད་པའི་ཨ་མིའི་ཕ་ཡུལ།།
བུ་དང་བུ་མོ་སྐྱིད་པོ་བཞུགས་མཛོད།།
ཨ་མ་རྒད་མོ་ལོ་ན་བགྲེས་པའི།།
མི་ཚེའི་ལྷག་མ་ཟད་ལ་བྱིན་སོང་།།
གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་
བོད་ཀྱི་རྒྱལ་ས་གཉིས་པ་བཞུགས་སྒར་ནས་སུག་བྲིས་བགྱིས་སོ།། ༢༠༡༢ ༡༢ ༩
