ཁམས་ལི་ཐང་ཨོ་ཐོག་སྨད་ཐ་མ་སྡེ་པ་རུ་ལོ་སར་སྤྲོ་སྐྱིད་མེད་པ་བྱས་འདུག
ཟླ་འདིའི་ཚེས་ ༡༡ སྟེ་བོད་རབ་གནས་ཆུ་སྤྲུལ་ལོའི་ཚེས་ ༡ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་གསར་ལྟར་ན། ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། ཉག་ཆུ་རྫོང་། ཧོ་ལོང་ཤང་ང་། ལི་ཐང་ཨོ་ཐོག་སྨད་ཐ་མ་སྡེ་པའི་ནང་ཉིན་འགའི་སྔོན་ནས་འདི་ལོའི་ལོ་སར་སྤྲོ་སྐྱིད་གཏོང་དགོས་དང་མི་དགོས་སྐོར་ལ་མི་མང་གི་བསམ་ཚུལ་སྣ་ཚོགས་བྱུང་ཡོད་པ་དང་།
འདས་ལོའི་ནང་བོད་མི་མང་པོ་ཞིག་གིས་བོད་བསྟན་སྲིད་རང་དབང་གི་ཆེད་དུ་རང་སྲོག་མེ་རུ་སྤར་བ་དང་། དེ་བཞིན་ཉེས་མེད་བཙོན་འཇུག་དང་། ཁྲིམས་ཆད་ཕོག་པས་བོད་སྤྱི་ལ་ཡིད་སྐྱོའི་ཆག་སྒོ་དང་གནས་ཚུལ་ཆེན་པོ་བྱུང་ཡོད་པས། ལོ་སར་གཏོང་མི་རུང་བར་བཤད་ཡོད་པ་དང་། མི་འགའ་རེས་ལོ་སར་ནི་རྟེན་འབྲེལ་མཚོན་ཆེད་ཙམ་ཡིན་པས་སྲོལ་རྒྱུན་གྱི་རྟེན་འབྲེལ་དེ་བྱེད་དགོས་སྐོར་བརྗོད་ནས་ལོ་སར་གཏོང་དགོས་མིན་སྐོར་གླེང་སློང་མང་པོ་བྱུང་ཡོད་འདུག
ལོ་སར་གཏོང་འདོན་མཁན་ཁག་ཅིག་གིས་མི་མང་འདུ་འཛོམས་བྱེད་སའི་ས་ཆ་ཞིག་ཏུ་ལོ་སར་རྟེན་འབྲེལ་དང་། དགའ་སྟོན་སྤྲོ་སྐྱིད་གཏོང་བར་གྲ་སྒྲིག་བྱས་ནས། སྡེར་ཁ་བཤམ་པ་དང་། བྲོ་རྭ་བཟོས་ཡོད་འདུག་ནའང་། ལོ་སར་ཚེས་ ༡ གི་ཞོགས་པའི་ཚུ་ཚོད་དང་པོ་ཡས་མས་ཤིག་ལ་སྡེར་ཁ་དང་བྲོ་རྭའི་གར་སྟེགས་དང་བཅས་པ་མེར་སྲེག་བཏང་ནས། ཞོགས་པ་སྔ་མོ་རྩིག་གྱང་ནག་པོ་ཞིག་ལས་ལྷག་མེད་འདུག ད་ལྟ་ས་ཁུལ་དེའི་ལོ་སར་ནི་ནང་མིའི་རྟེན་འབྲེལ་ཙམ་ལས་སྤྱི་བའི་གླུ་བྲོ་དང་། དགའ་སྟོན་བྱེད་རྒྱུ་མེད་པ་བྱས་ཡོད་འདུག་ནའང་། དོན་སྐྱེན་དེའི་འབྱུང་ཁུངས་མེར་བསྲེག་གཏོང་མཁན་རྩད་གཅོད་ཆེད་ས་གནས་དང་། རྫོང་བཅས་ཀྱི་ཉེན་རྟོག་པ་མང་པོ་ས་གནས་སུ་འབྱོར་ནས་རྟོག་ཞིབ་བྱེད་བཞིན་ཡོད་འདུག །
མེ་སོར་གསར་འགོད་པས།