ལྡི་ལི་གསར་པར་རང་བཙན་ཚོགས་འདུ་ཚོགས་བཞིན་པ།
ཕྱི་ལོ་༢༠༡༣ ཟླ་༢ ཚེས་༡༣ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་རྒྱུན་ལས་ཁང་དང། ལྡི་ལི་བོད་སྒར་བསམ་ཡས་གླིང་དང། རོ་ཧི་ནི་ས་གནས་གཞོན་ནུ་གཉིས་ཀྱིས་མཐུན་འགྱུར་འོག རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རང་བཙན་གྱི་གནས་བབས་གསལ་བསྒྲགས་བསྐྱངས་ནས་ལོ་༡༠༠ འཁོར་བའི་དུས་དྲན་སྲུང་རྩི་དང་
འབྲེལ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་རྒྱས་པའི་སྔོན་འགྲོའི་ཚོགས་འདུ་ཐེངས་བཞི་པ་དེ་ཉིད། རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་གཱན་དྷི་ཞི་བདེའི་ཐེབས་རྩ་ཁང་གི་ཚོགས་ཁང་དུ་འཚོགས་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་དབུས་གཞོན་ནུའི་ཟུང་འབྲེལ་དྲུང་ཆེ་བསྟན་འཛིན་ནོར་བཟང་ལགས་ཀྱིས་ཚོགས་འདུ་དབུ་འཛུགས་ཀྱི་མཛད་རིམ་སྒྲོགས་སྦྱང་དང་འབྲེལ། ཐོག་མ་ཆུ་ཚོད་༩།༣༠ ཐོག་སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་གིས་སྣང་གསལ་མར་མེའི་དབུ་འབྱེད་གནང་རྗེས། བོད་དང་རྒྱ་གར་གྱི་རྒྱལ་གླུ་དང། བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ངག་བཅད་སྐར་མ་གཅིག་ཞུས། དེའི་རྗེས་སུ་གཞོན་ནུའི་དབུས་རྒྱུན་ཚོགས་གཞོན་སྤོ་ཆུང་ཚང་དོན་གྲུབ་ལྷ་དར་ལགས་ཀྱིས་ཚོགས་འདུ་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་བའི་སྐབས། ཁོང་གིས་གསུང་དོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་གྱི་གྲོས་ཆོད་དགོངས་དོན་བཞིན་རྒྱལ་སྤྱིའི་རང་བཙན་ཚོགས་ཆེན་རྒྱས་པ་ཞིག་ཚོགས་རྒྱུ་གཏན་འཁེལ་བྱུང་བ་དང། ཚོགས་ཆེན་རྒྱས་པ་དེའི་སྔོན་འགྲོའི་ཚོགས་འདུ་ཞིག་སུད་སི་དང། ཐའེ་ཝན། ཨ་རི་བཅས་སུ་ཚོགས་ཤིང། ཐེངས་བཞི་པ་དེ་ད་ལྟའི་ཚོགས་འདུ་འདི་ཉིད་ཡིན་པའི་སྐོར་དང། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རང་བཙན་གྱི་གནས་བབས་གསལ་བསྒྲགས་བསྐྱངས་པའི་དུས་དྲན་སྲུང་རྩི་ཞུ་བར་དོན་སྙིང་ཆེན་པོ་གསུམ་ཡོད་པར་ངོས་འཛིན་ཞུ་བཞིན་ཡོད། དང་པོ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རྒྱལ་ཁབ་དང་བོད་མི་རིགས་ལ་བཞག་པའི་རླབས་ཆེན་གྱི་མཛད་རྗེས་ལ་སྙིང་ནས་བཀའ་དྲིན་རྗེས་དྲན་ཞུ་བ་དང། གཉིས་པ་བོད་རང་བཙན་གྱི་གནས་བབས་ཁུངས་སྐྱེལ་གྱི་ཆ་ནས། གསུམ་པ་དེ་ང་ཚོའི་རྒྱལ་ཁབ་ཀྱི་དགྲ་བོ་རྒྱ་དམར་གཞུང་གི་བཙན་གནོན་ལ་ངོ་རྒོལ་དང་ང་ཚོས་རང་བཙན་འཐབ་རྩོད་མུ་མཐུད་དུ་བྱ་རྒྱུ་ཡིན་པ་དང་གསལ་སྟོན་དང་འབྲེལ། མ་འོངས་པར་བོད་རང་བཙན་འཐབ་རྩོད་བྱེད་ཕྱོགས་ལ་ལེགས་བཅོས་བྱ་རྒྱུ་བཅས་ཀྱི་ཆེད་དུ་དམིགས་ཡོད་ཅེས་སོགས་གསུང་བཤད་གནང་སོང།
དེའི་རྗེས་སུ་བོད་ཀྱི་གཞོན་ནུའི་དབུས་རྒྱུན་ཟུར་པ་དང་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཀྱིས་ཕྱོགས་སྒྲིག་བྱས་པའི་<<བོད་རང་བཙན་གྱི་བདེན་དོན།>>ཞེས་པའི་དཔེ་དེབ་དེ། བོད་ཡིག་དང། དབྱིན་ཡིག ཧིན་རྡུ། རྒྱ་ཡིག་བཅས་སྐད་ཡིག་བཞིའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་པར་སྐྲུན་བྱས་པ་ཁག་དང། བོད་རང་བཙན་གྱི་བདེན་རྟགས་ཞེས་པའི་གྱང་སྦྱར་པར་རིས་བཅས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་བོད་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་ལགས་ཀྱིས་དབུ་འབྱེད་ཀྱིས་འགྲེམས་སྤེལ་གནང་ཡོད་པ་རེད།
ཚོགས་འདུ་འདི་ཕྱི་ཟླ་༢ ཚེས་༡༣ དང་༡༤ གཉིས་ལ་ཚོགས་བཞིན་ཡོད་པ་དང། ཚོགས་ཞུགས་པ་གཞོན་ནུའི་དབུས་རྒྱུན་ཚོགས་གཞོན་དོན་གྲུབ་ལྷ་དར་དང། དབུས་རྒྱུན་ཟུང་དྲུང་བསྟན་འཛིན་ནོར་བཟང། དབུས་རྒྱུན་དཀོན་མཆོག་ཡར་འཕེལ་བཅས་དང། བོད་རང་བཙན་དོན་གཉེར་བ་སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ། གཞོན་ནུའི་དབུས་རྒྱུན་ཚོགས་གཙོ་ཟུར་པ་ལྷ་བཟང་ཚེ་རིང། དབུས་རྒྱུན་ཚོགས་གཞོན་ཟུར་པ་སྤྱི་འཐུས་ཀརྨ་ཡེ་ཤེས། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། བོད་དོན་རྒྱབ་སྐྱོར་བ་རྩོམ་པ་པོ་དང། མཁས་པ་སོགས་རྒྱ་གར་བ་མི་བརྒྱད་དང། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དགེ་ལེགས་འཇམ་དབྱངས། གཞན་ཡང་གཞོན་ནུའི་དབུས་རྒྱུན་ཟུར་པ་དང་ས་གནས་གཞོན་ནུའི་རྒྱུན་ལས་དང་འཐུས་མི་སོགས་ཚོགས་ཞུགས་པ་མི་གྲངས་༤༠ ཙམ་ཕེབས་ཡོད་པ་རེད།
དབུས་གཞོན་ནུའི་ཚོགས་གཞོན་སྤོ་ཆུང་ཚང་དོན་གྲུབ་ལྷ་དར་ལགས་ཀྱིས་གཙོ་སྐྱོང་འོག་ཚོགས་བཞིན་པའི་ཉིན་གཉིས་རིང་གི་ཚོགས་འདུའི་དེའི་བརྗོད་གཞི་གཙོ་བོ། ༡༽ བོད་རང་བཙན་སླར་གསོའི་དགོས་དམིགས་གསལ་སྟོན་དང། གདེང་སྤོབས་གོང་མཐོར་གཏོང་ཐབས་དང། ༢༽ བོད་རང་བཙན་སླར་གསོའི་འཆར་གཞི་དང་ཐབས་ལམ། གཉིས་ཡིན་པ་དང། རྒྱལ་སྤྱིའི་རང་བཙན་ཚོགས་ཆེན་རྒྱས་པ་དེ་ཉིད་ལོ་འདིའི་ཕྱི་ཟླ་ལྔ་པའི་ནང་འཚོག་རྒྱུ་ཡིན་འདུག།།
