རུས་གསང་ནས་བཞུར་བའི་སྐྱོ་ཤས།།

ཚེ་རབས་གཏན་གྱི་སྐྱབས་གཅིག་མཚུངས་མེད་བླ་མ།།
གཏན་གྱི་རེ་ལྟོས་བཅོལ་ས་སེམས་ཀྱི་སྨན་མཆོག།
བུ་ངའི་སྐྱིད་སྡུག་ཞུ་ས་མཚོ་འཁྲུངས་རྣམ་སྤྲུལ།།
ཐུགས་བརྩེའི་ཆུ་རྒྱུན་དཀར་པོའི་སྤྲང་ཆར་སྩོལ་རོགས།།

 
བྱང་ཕྱོགས་ཧི་མ་ལ་ལའི་ལྷགས་རླུང་ཁྲོད་འདིར།།
བུ་ང་སྐྱོ་བའི་གཟིར་བའི་སེམས་གདུང་གྲང་མོ།།
 སེམས་གཏིང་ཁྲག་རྩའི་གསེབ་ན་ལྷོག་ལྷོག་བཞུར་ཏེ།།
 དགུན་ཁའི་གྲང་རླུང་ཁྲོད་ནས་ལྷག་པར་སྐྱོ་སོང་།།

 
སྐྱོ་ཤས་ངེས་འབྱུང་ཁྲོད་ན་སེམས་ཀྱི་དབྱངས་རྟ།།
 མཐོན་པོའི་གཡའ་བྲག་རྩེ་ནས་བླངས་པའི་མགུལ་གླུ།།
བཞུར་བའི་འགྱུར་ཁུག་རིང་མོའི་སྒྲ་དབྱངས་གསོན་པོ།།
 སེམས་ཀྱི་གསེང་ལམ་འདི་ནས་དྲག་ཏུ་བཞུར་སོང་།།
 
དུག་གསུམ་ལྗོན་པའི་ཆུ་ཕྲན་སེམས་ལ་འཁོར་འཁོར།།
ཆགས་སོགས་ཆུ་བོའི་རྦ་རླབས་དྲག་ཏུ་སྐྱོམ་སྟེ།།
སེམས་རྒྱུད་ཆོས་དང་མ་འདྲེས་ལས་རླུང་གསེབ་ན།།
གཏན་གྱི་ཕུགས་བསམ་བརླགས་པའི་བུ་ང་སྐྱོ་བྱུང་།།
 
 ལས་ཉོན་ཚ་གདུང་འཕྱུར་སའི་གཡུར་ས་ཞིག་ནས།།
སྦྱང་འབྲས་སད་ཀྱིས་བཅོམ་པའི་ཁེར་རྐྱང་གསེར་ལྡོམ།།
སེམས་པ་རླུང་ལ་བསྐུར་བཞིན་བྱང་ལམ་འདི་ན།།
མི་ཚེའི་ཤུལ་ལམ་ཕྲ་མོའི་ཕྱིར་འདངས་དྲན་སོང་།།
 
གསེར་ལྗོངས་སྐྱིད་པའི་ཕ་ཁྱིམ་སེམས་ལ་དྲན་སོང་།།
བརྩེ་ཆེན་ཕ་མིའི་མཛད་བརྩེ་སྙིང་ལ་བྲིས་སོང་།།
ཡིད་མཐུན་རྡོ་རྗེའི་ཆོས་གྲོགས་ཡིད་ཡུལ་འཁོར་སོང་།།
དྲན་གདུང་སེམས་ཀྱི་ཆུ་མཚོ་རང་ཡུལ་བཞུར་སོང་།།
 
རྒྱང་ཐག་རིང་བའི་ཁུགས་སོ་གྲངས་མེད་ཞིག་ན།།
བུ་ངའི་དུངས་ཞེན་དྲོན་མོ་རང་ཡུལ་ཕྱོགས་སྐབས།།
འཆར་ཡིན་སེམས་ཀྱི་གསང་བ་ཕྱིར་དྲན་ཆེད་དུ།།
གསེར་འབྲོང་སྨྱོན་པའི་དྷ་རམ་ས་ནས་བྲིས་སོ།། 
གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་ འབོད་པའི་བོད་ཀྱི་ལོ་སར་ཉིན་བཞུགས་སྒར་ནས་སུག་བྲིས་བགྱིས་སོ།།  ༢༠༡༣    ༡༡