༄༅།། ལྗོངས་རྒྱུ་ལ་བྱིན་པའི་ཚོར་སྣང་སྤྲོ་སྐྱིད་མ
ཕ་ཡུལ་གངས་ལྗོངས་འདྲ་བའི་ཡུལ་ཕྱོགས་ཤིག་ལ།།
སྐྱོ་བའི་སེམས་པ་གསོ་ཕྱིར་ལྗོངས་རྒྱུར་བསྐྱོད་དེ།།
མགྲོན་མཁོར་མཐོན་པོའི་ནང་ནས་མི་རིགས་འདྲ་མིན།།
མཉམ་དུ་བསྐྱོད་པའི་ཚོར་བ་སེམས་ལ་ལྷུང་བྱུང་།།
སྤུན་གསུམ་འཛོམས་པའི་དེ་རིང་ས་ཆ་འདི་རུ།།
ལྗོངས་རྒྱུ་གསོན་པོའི་བྲོ་བ་སེམས་ནས་མྱོང་འདོད།།
བཞུགས་སྒར་འདི་ནས་ཡུལ་ཕྱོགས་འདི་རུ་བྱིན་ཏེ།།
མྱོང་ཚོར་གསར་བའི་ལབ་གླེང་འདི་ནས་བརྗོད་འདོད།།
དྭངས་གཙང་ཆུ་མོའི་སྒྲ་དབྱངས་རྣ་ལ་འཇེབས་སོང་།།
ལོ་མང་སྐྱོ་བའི་སྣང་ཤས་ཁད་ཀྱིས་ཡལ་སོང་།།
མཛེས་པའི་རི་བོ་སྣ་ཚོགས་མིག་ལ་མཛེས་སོང་།།
བརྗེད་མེད་ཚོར་བས་བཟི་བའི་བྲོ་བ་མྱོང་བྱུང་།།
དྲི་མེད་ཁ་བའི་འོད་མདངས་མིག་ལ་འཚེར་སོང་།།
ཁ་བའི་རེག་བྱ་གྲང་མོའི་བྲོ་བ་མྱོང་སོང་།།
ཡིད་འོང་ལྗོན་པའི་མཛེས་སྡུག་མིག་འདུན་སྣང་བྱུང་།།
ནགས་ལོའི་བརྩེ་བའི་དུང་སེམས་ཡིད་ལ་བཞག་སོང་།།
ནགས་ཆུ་རི་བྲག་འཛོམས་སའི་ས་ཆ་སྐྱིད་པོ།།
འཚོ་བའི་ཁ་ཕྱོགས་སྣ་འཛོམས་འདི་ན་འཛོམས་ཡོད།།
བདེ་སྐྱིད་དྲོད་ཁོལ་སྦྱིན་སའི་ཕ་ཡུལ་གཉིས་པ།།
སྤྲོ་སྣང་གསར་བའི་སེམས་པ་གཏིང་ནས་བཟི་སོང་།།
དེང་རབས་འཛུགས་སྐྲུན་གསར་བའི་ཁང་བརྩེགས་གྲངས་མེད།།
རྒྱང་རིང་སྐུ་མགྲོན་གསར་བའི་སེམས་པ་འཕྲོག་ས།།
ཕྱོགས་ཕྱོགས་ཡུལ་ནས་ཕེབས་པའི་མི་རིགས་འདྲ་མིན།།
སྤྲོ་སྐྱིད་ཡོ་ལང་གསར་བའི་འཚོ་བར་བྲེལ་འདུག།
ལྕགས་སྒྱེད་གྲུ་བཞིའི་ནང་ན་མེ་ལྕེ་ལྷབ་ལྷབ།།
འོ་ཇ་མངར་མོའི་མཆོད་ཁ་ཐབ་ན་ལྷོག་ལྷོག།།
བཅོས་མིན་དགོད་སྒྲ་དཀར་པོའི་འཛུམ་དཀར་ལང་ལིང་།།
སྤྲོ་སྐྱིད་འཛུམ་པའི་ཡོ་ལང་སེམས་ལ་འཁྲིགས་འཁྲིགས།།
སེམས་ཀྱི་དྭངས་གཙང་དྲི་མེད་འདི་རུ་སྤར་ཏེ།།
རང་བྱུང་འཁོར་ཡུག་གཙང་མའི་སྣང་བརྙན་གསོན་པོ།།
པར་ཆས་འདྲ་མིན་ནང་ནས་དྲན་རྟེན་སྒྲོན་ཏེ།།
འཛུམ་པའི་དུངས་སེམས་ངོགས་སུ་སྙིང་གཏམ་གླེང་ཡོད།།
ལུས་ཁམས་འཕྲོད་བསྟེན་ཕན་པའི་ཤིང་འབྲས་སྣ་ཚོགས།།
རང་བྱུང་འཁོར་ཡུག་འདི་ན་ཤིན་ཏུ་མང་པ།།
རྒྱང་རིང་ཡུལ་ནས་ཕེབས་པའི་མགྲོན་པོ་རྣམས་ཀྱི།།
འཚོ་བའི་བཞེས་ལག་མཉེས་པོ་འདི་ཡིས་བྱེད་ཆོག།།
ལམ་ཕྲེང་དེང་རབས་ཅན་གྱི་སྣུམ་ལམ་སྒང་ནས།།
མཛེས་པའི་མགྲོན་མཁོར་ནང་ནས་ཡར་ཕེབས་མར་བསུ།།
ལམ་ཁའི་ཡུལ་མི་འདི་ཚོའི་བརྩེ་བའི་ལག་ཟུང་།།
མཐོན་པོའི་ཁང་བརྩེགས་སྒང་ནས་གཡུགས་པ་གྲངས་མེད།།
རྒྱང་རིང་ཡུལ་ནས་ཕེབས་པའི་སྐུ་མགྲོན་རྣམས་ལ།།
རི་ཆུ་ནགས་གསུམ་འདི་ཡི་བརྩེ་བའི་ལོ་རྒྱུས།།
སེམས་ཀྱི་གཏིང་ལ་བྲིས་པའི་ཡིག་འབྲི་རེ་རེ།།
བརྗེད་མེད་ཉིན་ཐོའི་ངོགས་ན་སྡོམ་ཚིག་གྲངས་མེད།།
འདོད་སྲེད་རྒྱང་ནས་འདོར་བའི་བྱ་བཏང་རྣལ་འབྱོར།།
སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་ཐུབ་བསྟན།།
སྒོམ་སྒྲུབ་མཉམ་ལེན་བྱེད་སའི་གདན་ས་བྱིན་ཅན།།
བྱིན་རླབས་ན་བུན་སུབ་སུབ་འདི་ན་གནས་ཡོད།།
གལ་ཤཱ་མི་རིགས་འདི་ཚོའི་གཤིས་རྒྱུད་དྲང་མོ།།
རྒྱང་རིང་སྐུ་མགྲོན་འདི་ཚོའི་སེམས་ཀྱི་རང་གཤིས།།
ཟུང་དུ་འབྲེལ་བའི་ཉི་ཟླའི་འོད་སྣང་ལམ་ལམ།།
ས་ཆ་འདི་རུ་འཆར་བའི་བསོད་དེ་ཆེན་མོ།།
གདོང་དམར་བུ་རྒྱུད་ཆད་སའི་ས་ཐག་ཉེ་ས།།
ཁ་བ་གངས་ཅན་ལྗོངས་དང་ལུང་ཁུངས་གཅིག་ས།།
ཡུལ་སྲོལ་ཆ་ལུགས་འདྲ་སའི་ཡུལ་ལྗོངས་སྐྱིད་པོ།།
དེ་རིང་འདི་རུ་སེམས་པ་བྱིན་པས་སྐྱིད་སོང་།།
གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་བོད་ཀྱི་
རྒྱལ་ས་གཉིས་པ་བཞུགས་སྒར་རྡ་རམ་ས་ནས་སྤུན་བློ་བཟང་འཕྲིན་ལས་དང་
འཕྲིན་ལས་འོད་ཟེར་ངེད་གསུམ་མུ་ནཱ་ལའི་ཕྱོགས་སུ་ལྗོངས་རྒྱུ་ལ་བྱིན་སྐབས་ཀྱི་མྱོང་ཚོར་
འགའ་ཕྱིར་དྲན་གྱིས་ཆེད་དུ་སུག་བྲིས་བགྱིས་སོ།། ༢༠༡༣ ༢ ༣