སི་ཏཱ་ལེན་གྱི་མ་ཡུམ་གྱི་བསམ་བློའི་ཁ་ཕྱོགས་ལས་རྙེད་པའི་བསམ་ཚུལ་ཐན་ཐུན།

གཅིག།། 

དེ་རིང་སང་ཉིན་ནི་བདག་ལ་མཚོན་ན་དུས་ཚོད་མོད་ཤོས་དང་སྣང་བ་སྐྱིད་ཤོས་ཀྱི་ཉིན་མོ་དག་ཡིན་པས་མ་ཚད། གང་དྲན་བཤད་ཆོག་པ་དང་གང་འདོད་སྒྲུབ་ཆོག་པའི་ཉི་མ་རིང་ཤོས་ཤིག་ཀྱང་ཆགས་ཡོད། འོན་ཏེ་དེ་ནི་དཀོན་མཆོག་གིས་གནང་བའི་གསོལ་རས་མ་ཡིན་ལ། གོང་ཁྲིམས་ཀྱིས་སྤྲད་པའི་དམིགས་བསལ་ནི་ག་ལ་ཡིན། དེ་ནི་བདག་ལ་ཐོབ་འོས་པ་དང་ཐོབ་ན་ཉམས་མཚར་བའི་དགུན་ཁའི་གུང་གསེང་ངམ་ལོ་གཅིག་གི་ངལ་གསོའི་ཉིན་མོ་དག་ཡིན། རེད་དེ་བདག་ལ་མལ་ས་ནས་བསྡད་དེ་དྲུག་འགྱུར་མ་ཎིའི་སྒྲ་དབྱངས་འཐེན་པའི་གཤིས་ཀ་མེད་པ་དང་གཅིག།

གྲོགས་པོ་དག་ལ་འབྲེལ་འདྲིས་བྱས་ཏེ་ཁ་བརྡ་བྱེད་པའི་ལུགས་སྲོལ་མེད་པ་དང་གཉིས། ཚོར་ཤེས་ལ་འཇུས་ཏེ་ཡོད་ཚད་སྨྱུག་ཁར་ཕབ་པའི་རྩལ་ཁ་མེད་པ་དང་གསུམ་སྟེ། མེད་པ་སུམ་འཛོམས་དང་ཡོད་པ་ཀུན་བྲལ་གྱི་བདག་གིས་གུང་གསེང་ཇི་ལྟར་གཏོང་བཞིན་པ་ཁྱེད་ཀྱིས་མཁྱེན་འདོད་ན་ངས་འདི་ནས་ཕྲན་བུ་ཞིག་འབྲི་ན་ཆོག།། རེད་དེ་ཁྱེད་ཀྱིས་སྙན་ལམ་དུ་འདྲེན་མི་འདོད་པ་དང་སྤྱན་ལམ་དུ་སྟར་མི་འདོད་ཚེ་རྣ་རྒྱབ་ལག་པས་འགེབས་ཏེ་སྣང་བ་གང་དྲན་གྱིས་བྱོན་དང་ཆོག་ཆོག་པ་ཡིན།

 


ཉེ་སྔོན་ང་ཚོའི་སློབ་གྲྭའི་ཉེ་ཁྲས་ཀྱི་ཟ་ཁང་ཆུང་ཆུང་ཞིག་གི་སྒོ་འགྲམ་དུ་བོད་ནས་ཕྱོན་པའི་དཔེ་དེབ་ཁག་བཙོང་མཁན་གྱི་ཕོ་སར་གཉིས་སླེབས་སོང་། སྤྱིར་བོད་ནས་བཏོན་པའི་དཔེ་དེབ་ཅེས་བརྗོད་དུས་བཙན་བྱོལ་བའམ་གསར་འབྱོར་བ་ཚོ་འཚང་ཁ་ཤིག་ཤིག་གིས་འདི་དགོས་དེ་དགོས་ཀྱི་འུར་སྒྲ་བསྒྲགས་ཏེ་ནང་དོན་ཟབ་མིན་ལ་ལྟོས་མ་པར་དཔེ་དེབ་རྣམས་ཉོ་རྐྱང་བྱེད་པའི་ལམ་སྲོལ་ཞིག་ཡོད་ལ། ཉིན་དེར་མཚོན་ན་ཡང་བདག་ལྟ་བུའི་གསར་འབྱོར་བ་འགས་འཚང་ཁ་ཤིག་ཤིག་གིས་ཉོ་རུབ་ཅིག་རྒྱག་ཁུལ་བྱས་པ་སྨྲོས་ག་ལ་དགོས། རེད་དེ་རྒྱ་སྒོར་ཧིན་སྒོར་ལ་བསྒོས་ཏེ་དཔེ་དེབ་ཀྱི་རིན་ཚད་གླེང་དུས་ལག་གཡས་ཀྱིས་ཨོག་ཚོམ་མེད་པའི་མ་ནེ་ལ་བྱིལ་བྱིལ་ཞིག་ངང་གིས་ཤོར་སོང་། གང་ལྟར་ཉིན་དེར་འཛིན་འགྲོགས་འགའ་དང་ལྷན་དུ་དཔུང་སྡེབ་བྱས་ཏེ་དེབ་ཕྲེང་བརྒྱད་ཅན་ཀྱི་དཔེ་དེབ་རྣམས་ཉོ་ཐབས་འགྲིགས་ཙམ་བྱུང་། དཔེ་དེབ་དེ་རྣམས་ནི་འཛམ་གླིང་མི་སྣ་གྲགས་ཅན་གྱི་བྱུང་རིམ་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་དག་ཡིན་པ་མ་ཟད། བཀླག་ན་སྟབས་བདེ་ལ་འཁྱེར་ན་འཛིན་བདེ་བའི་དཔེ་དེབ་ཏོག་བདེ་རྐྱང་རེད། ད་ལམ་དགུན་ཁའི་གུང་གསེང་ལ་བསྟུན་ཏེ་དེབ་ཕྲེང་གཉིས་པའི་དབུ་ཞབས་ཀྱི་བསྡུས་དོན་ལ་རེ་བ་དང་སྨོན་འདུན་གསར་བ་ཞིག་བཅངས་ཏེ་བཀླགས་པ་ཡིན་མོད། འོན་ཀྱང་བར་འཚམས་ཤིག་སྟེ་གསར་བརྗེ་རང་ལུགས་པ་སི་ཏཱ་ལེན་གྱི་ས་ཚིགས་ལ་སླེབས་དུས་བསྐྱར་ཀློག་དང་བསྐྱར་འདོན་གྱི་རིམ་པ་མང་པོ་ཞིག་བྱས་པས་མ་ཚད། ཧ་ཅང་གསལ་རྒྱུ་མེད་ཀྱི་བསམ་གཞིགས་ཀྱི་སྒོ་གློག་ཕྱེས་ཏེ། རང་ཁྱིམ་གཉོམ་མོ་ལ་ཕྱི་འདེང་དལ་མོ་ཞིག་ངམ་ངམ་ཤིག་གིས་ཤོར་བས་དེབ་ཆུང་དེའི་མཇུག་ཀྱང་རྫོགས་ཐབས་བྲལ།


སྤྱིར་སི་ཏཱ་ལེན་ནི་སྤྱི་ལོ་༡༨༧༩་ལོར་མི་ཚང་སྐྱོ་བོ་ཞིག་ཏུ་སྐུ་འཁྲུངས་ཤིང་། ཁོང་ནི་ཆུང་དུས་ནས་དཔའ་ངལ་ལྡན་ཞིང་ཆོད་སེམས་གཏན་པོ་ཡོད་པའི་གསར་བརྗེ་རང་ལུགས་པ་ཞིག་ཡིད་པས་མ་ཚད། ལེ་ཉེན་གྱི་རྗེས་སུ་རྒྱལ་ཁབ་ཀྱི་དམག་སྡེའི་འགོ་ཁྲིད་གཙོ་བོར་གྱུར་བ་རེད། ཁོང་གིས་སློབ་སྦྱོང་བྱས་པའི་རྒྱུད་རིམ་ལས་དཀའ་ཁག་གི་ཕྲེང་རིམ་མང་པོ་བརྒྱུད་ཡོད་ན་ཡང་། གཙོ་བོ་ཁོང་གི་མ་ཡུམ་གྱི་ཆོད་སེམས་དང་སྙིང་སྟོབས་ཀྱི་སྐུལ་མ་ལ་བརྟེན་ནས་ཁོང་ལ་དམིགས་བསལ་གྱི་སློབ་སྦྱོང་གི་གོ་སྐབས་ཐོབ། ཁོང་གི་མ་ཡུམ་ནི་དངོས་གནས་མིག་རྒྱང་རིང་བོར་གཟིགས་རྟོགས་མཛད་མཁན་གྱི་རླབས་ཆེན་གྱི་སྐྱེས་སྨན་ཞིག་ཡིན་པ་མ་ཟད། རང་གི་ཁྱོ་ཀ་དང་ཁ་འཛིང་དྲག་པོ་བྱས་མཐར་རང་གི་བུ་ཕྲུག་ཕའི་རྒྱུད་འཛིན་བྱེད་པའི་ལྷམ་བཟོ་མཁན་དུ་མི་གཏོང་བའི་ཐག་གཅོད་ཀྱི་གྲུབ་འབྲས་རླབས་ཆེན་ཞིག་ཀྱང་ཐོན་པ་རེད།


                                    གཉིས།

དེས་ན་སི་ཏཱ་ལེན་གྱི་ཡུམ་ཆེན་གྱིས་རང་གི་བུ་ཆུང་ལ་བཟུང་བའི་བསམ་བློའི་ཁ་ཕྱོགས་ཀྱི་སྣེ་ནས་བདག་གི་མ་ཡུམ་དང་བདག་དང་སྐྱིད་སྡུག་གཅིག་པའི་བོད་གངས་ཅན་པའི་ཨ་ཕ་དང་ཨ་མ་ཚོས་རང་གི་བུ་ཕྲུག་རྣམས་ཀྱི་མདུན་ལམ་གྱི་ཆེད་དུ་གཏོང་ཕོད་ཀྱི་སེམས་ཁམས་ཅི་ལྟར་བསྐྲུན་མིན་ལ་བསམ་གཞིག་ཅིག་ངང་གིས་ཤོར་སོང་། རྒྱུ་མཚན་བོད་ཕྱི་ནང་གཉིས་ཀྱི་བོད་ཕྲུག་རྣམས་ལ་མཚོན་ན་སློབ་གསོ་རྩ་འཛུགས་ཀྱི་མ་ལག་མ་ཚང་བའི་སྟབས་ཀྱིས། དེང་སྐབས་བོད་པའི་སྤྱི་ཚོགས་སུ་འཇོན་ལྡན་ཤེས་ཡོན་པའི་དཔུང་ཁག་ཧ་ཅང་ཉུང་ཉུང་ཡིན་པ་མ་ཟད། ད་ལྟ་ཡོད་བཞིན་པའི་ཕྲུ་གུ་ཚོ་ཡང་སྔར་ལས་མ་རྡུག་རུང་མི་བཟང་བའི་སྣེ་ན་ལུས་ཡོད།  

སློབ་གསོ་རྩ་འཛུགས་ཀྱི་མ་ལག་ཚང་དགོས་ཞེས་པ་ནི་ཐོག་མར་རང་གི་ཕ་མ་ནས་འགོ་བརྩམས་ཏེ་ཡོང་དགོས་པ་ལས། བུ་ཕྲུག་རང་གི་འདོད་མོས་དང་དགའ་ཞེན་གྱི་རྗེས་སུ་སྙེག་སྟེ་འབྱུང་བ་ཞིག་གཏན་ནས་མ་ཡིན། དེ་ཡང་ཕ་མའི་ཡང་དག་པའི་སློབ་གསོ་སྙན་ལམ་དུ་སྒྲོན་པ་ཙམ་གྱིས་མི་ཆོག་པར། ཁ་བཤད་ཚིག་ཐོག་དང་ལག་ལེན་དོན་ཐོག་ཅེས་པའི་དཔེ་ལྟར་ལག་ལེན་རང་གི་ཐོག་ནས་བུ་ཕྲུག་རྣམས་སྐྱེད་སྲིང་བྱེད་དགོས་པ་གོང་དུ་བརྗོད་པའི་གསར་བརྗེ་བ་སི་ཏཱ་ལེན་གྱི་ཨ་མས་རང་གི་བུ་ཆུང་ལ་དཀའ་ཚེགས་ཅི་ལྟར་བརྒྱབ་པའི་རྒྱུད་རིམ་ལས་ཤེས། དཔེར་ན་ཁོ་མོས་ཉིན་དཀར་བུའི་སློབ་ཡོན་གྱི་ཆེད་དུ་གཞན་གྱི་གྱོན་པ་བཀྲུ་བ་དང་གོར་སོབ་བསྲེགས་པ། མཚན་མོར་བུའི་སློབ་སྦྱོང་ལ་ལྟ་རྟོག་དང་སྦྱང་བརྩོན་གྱི་སྐུལ་འདེད་བྱས་པ་ལྟ་བུ་རེད། འདི་ལྟ་བུའི་མི་ཚང་ཞིག་ལ་མཚོན་ན་འཚོ་བའི་དཀའ་ངལ་ཧ་ཅང་ཆེ་བས་མ་ཚད། ཕྲུ་གུ་གསུམ་བཀྲེས་ལྟོགས་ཀྱིས་གདུང་སྟེ་འཇིག་རྟེན་ཕྱི་མི་ཡུལ་དང་གྱེས་བྲལ་དུ་ཕྱིན་པ་རེེད། རེད་དེ་རྒས་མོ་ཁོང་ལ་མཚོན་ན་ད་དུང་རེ་བ་གསར་བ་ཞིག་དང་རྨི་ལམ་རིང་མོ་ཞིག་བཅངས་ཏེ་བུ་ཐ་ཆུང་ལྷམ་བཟོ་བའི་ལམ་དུ་མ་བསྐྱོད་པར་བསྟུད་མར་སློབ་སྦྱོང་ལ་འབད་བརྩོན་བྱས་བཅུག་པ་རེད།


འོན་ཀྱང་བོད་ཕྱི་ནང་གཉིས་ལས་ལྷག་པར་དུ་བཙན་བྱོལ་བའི་ཕྲུ་གུ་རྣམས་ལ་མཚོན་ན་ཡང་དག་པའི་ཕ་མའི་སློབ་གསོ་མ་རག་པ་དང་། དགེ་རྒན་གྱི་སློབ་གསོས་མ་འདང་པའི་རྒྱུ་མཚན་ལ་བརྟེན་ནས་ཅི་ཡིན་འདི་ཡིན་མེད་པའི་བོད་པ་ཕྱེད་ཀ་མ་དག་ཏུ་གྱུར་འདུག།། བོད་པ་ཕྱེད་ཀ་མ་ཞེས་པ་ནི་བོད་རང་གི་རིག་གནས་ཀྱི་གནས་ཚད་མ་ལོན་ཞིང་། མི་རིགས་རང་གི་གཤིས་རྒྱུད་ཀྱི་སེམས་ཁམས་མ་ཚང་བ་ལ་བརྗོད་པ་ཡིན། དེ་ལྟ་བུའི་ཕྲུ་གུ་ཅུང་མང་མང་ཞིག་ཡོད་ན་ཡང་རང་རིགས་ལ་སྨན་པའི་བོད་རིགས་དག་མ་ཞིག་འགྱུར་མི་སྲིད་ལ། གཞན་རིགས་ལ་མཁོ་བའི་འཇོན་ཐང་བྱས་རྗེས་ཅན་དག་ནི་དེ་བས་ཀྱང་འགྱུར་མི་སྲིད། རང་རིགས་ལ་མི་སྨན་ཞིང་གཞན་རིགས་ལ་མི་མཁོ་བའི་བོད་རིགས་ཕྱེད་ཀ་མ་དག་ཏུ་ཇི་ལྟརགྱུར་བ་རེད་ཅེ་ན། དེ་ནི་གོང་དུ་བརྗོད་པ་ལྟར་ཕ་མ་རྣམས་ཀྱི་ཡང་དག་པའི་གཟིགས་སྐྱོང་འོག་བསམ་བློའི་སློབ་གསོ་མ་རག་པ་དང་། མ་སྤྲད་པ། ཡང་ན་སྤྲོད་མ་ཤེས་པའི་རྒྱུ་མཚན་ལ་བརྟེན་ནས་བྱུང་བ་ཞིག་རེད། དེ་བཞིན་དུ་དགེ་རྒན་རྣམས་ཀྱིས་ཀྱང་ཡིག་ཐོག་ནས་འཆད་ཁྲིད་ཙམ་བྱས་ཏེ་རང་གི་དགེ་ཕྲུག་རྣམས་ལ་རིགས་ཞེན་གྱི་ངར་ཆུ་བླུད་མྱོང་མེད་པ་མ་ཟད། ཤིས་རིག་གི་རིན་ཐང་ཡང་གླེང་མྱོང་མེད་པ་འདྲ། རྒྱུ་མཚན་འདི་འདྲ་ལ་བརྟེན་ནས་བོད་བཙན་བྱོལ་བའི་བུ་ཕྲུག་ཚོར་ཚོར་ཤེས་མེད་པའི་སློབ་ཕྲུག་ཅེས་གནས་ལུགས་ཡོད་མེད་ཀྱི་སྙད་པ་བྱུང་བ་རེད། དེར་རྟེན་ན་གཞོན་སྐྱེད་སྲིང་གི་མ་ལག་བུ་ཕྲུག་རང་གི་ཕ་མ་ནས་འགོ་བརྩམས་ཏེ་འབྱུང་དགོས་ན་ཡང་། ཕ་མ་རྣམས་ལ་མཚོན་ན་བསམ་བློའི་འདུ་ཤེས་སྲབ་དྲག་པའམ་ཕུགས་རྒྱང་མཇལ་བའི་མིག་ཐག་ཐུང་དྲག་པས་གནའ་ནས་དེ་རིང་ལ་ཐུག་གི་བར་དུ་འཇོན་ལྡན་ཤེས་ཡོན་པའི་དཔུང་སྡེ་ཉུང་ཉུང་ཞིག་ལས་བྱུང་མེད་ལ། ད་ལྟར་སློབ་རྭའི་རྟགས་སྒོ་རྒྱུད་དེ་སྐྱོད་བཞིན་པའི་བོད་ཀྱི་ན་གཞོན་ཚོར་མཚོན་ན་ཡང་འབྱུང་འགྱུར་ཆེན་པོ་དང་གཉན་པོ་ཞིག་བྱ་བའི་ཡིད་ཆེས་དང་རེ་བ་ཡོད་ཚོད་མ་རེད། རྒྱུ་མཚན་ཁོང་ཚོར་སློབ་གསོའི་སྐུལ་འདེད་བྱེད་མཁན་གྱི་མི་སྒེར་དང་ཚོགས་སྡེའི་ཤོག་ཁག་ཉུང་དྲག་པས་ཡིན།


                                     གསུམ།

སྤྱིར་སློབ་གསོའི་ཁ་ཕྱོགས་ཞེས་པ་ནི་མི་སྒེར་གྱི་གནད་དོན་ཐག་གཅོད་བྱེད་རྒྱུ་གཅིག་པོ་མིན་པར། རྒྱ་ཆེ་ས་དང་གཏིང་ཟབ་ས་ནས་བསམ་བློ་བཏང་སྟེ་མི་རིགས་དང་རྒྱལ་ཁབ་ཀྱི་བདེ་སྡུག་ལ་ཁ་ཕྱོགས་པའི་བསམ་བློས་ས་བོན་འདེབས་པའི་འདུ་ཤེས་ལ་ངོས་འཛིན་དགོས་ཀྱང་། བོད་པའི་སྤྱི་ཚོགས་སུ་དེ་ལྟ་བུའི་བསམ་བློའི་སློབ་གསོ་ཐོབ་པ་ཧ་ཅང་ཉུང་། རེད་དེ་འགའ་ཞིག་གིས་རང་གི་བུ་ཕྲུག་ཚོར་སློབ་གསོ་གཏོང་སྐབས་འཚོ་བའི་དཀའ་ཁག་སེལ་ཆེད་ཀྱི་རེ་འདུན་དང་སྨོན་སེམས་བཅངས་ཏེ། ཤེས་ཡོན་པའི་སྡེ་ཁག་ལ་དམིགས་བསལ་གྱིས་གལ་གནད་དེ་ཙམ་བརྩིས་མེད་པར་བརྟེན། བུ་ཕྲུག་ཚོར་མཚོན་ན་ཡང་ཕ་མའི་སློབ་གསོའི་རྭ་བ་ལས་བརྒལ་མ་བཏུབ་པར་གཅིག་རྗེས་ཉིས་མཐུད་ཀྱིས་འདི་ལྟར་བསྟུད་མར་ལུས་ཡོད། དཔེར་ན་བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གྲྭ་འགྲིམ་བཞིན་པའི་ཕྲུ་གུ་ཚོར་མཚོན་ན་མ་འོངས་རང་ཉིད་ཀྱི་ཁ་ཕྱོགས་གླེང་དུས། འགའ་ཞིག་གིས་སྨན་པ་དང་། ནད་གཡོག།། དམག་མི་སོགས་ཀྱི་ལས་ཀ་ཙམ་ལ་རེ་བ་བཅངས་ཏེ་རང་ཉིད་ཀྱི་འཚོ་བའི་དཀའ་ཁག་ལ་ཐག་གཅོད་བྱེད་པ་ལས་རྒྱ་ཆེ་ས་དང་གཏིང་ཟབ་ས་ནས་བསམ་གཞིག་གི་རྨི་ལམ་གཏོང་མཁན་ཧ་ཅང་དཀོན།


མ་འོངས་འདི་ལྟར་བསྟུད་མར་འབྱུང་བར་འགྱུར་མིན་ནི་གོང་དུ་བརྗོད་པ་ལྟར་བུ་ཕྲུག་རང་གི་ཕ་མ་དང་སློབ་དཔོན་གྱི་སློབ་གསོ་དང་སེམས་ཤུགས་ལ་རེག་ལས་ན་ཡང་། གོང་རིམ་གྱི་སྒྲིག་འཛུགས་དང་སློབ་གྲྭ་རང་གི་རྩ་འཛུགས་ཀྱི་སློབ་གཞི་ལ་དེ་བས་ཀྱང་རེག་ལས་པ་ཞིག་གོ། གདེང་ཚོད་དང་ཡིད་ཆེས་མེད་པའི་བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་བྱས་ཀྱི་སྒུལ་ཤུགས་དང་དེས་བསྐྱེད་པའི་དཔུང་ཁག་ལ་རྒྱང་ལྟ་བྱེད་དུས། དེང་གི་བོད་ཕྲུག་ཚོའི་བསམ་བློ་ཁ་ཕྱོགས་དང་ཕུགས་ཀྱི་འཚོལ་སྙེག་ལ་སྲིད་བྱས་རང་གིས་ཀྱང་མ་འདང་བའི་ཁ་སྣོན་བྱས་པ་གཞི་ནས་ཤེས། རེད་དེ་མ་ལག་རྡུམ་མས་བུ་ཆུང་ཆུས་ཁྱེར་བ་ལྟར། ཉམས་པ་ནས་ཉམས་པ་དང་་རྒུད་པ་ནས་རྒུད་པར་འགྲོ་བཞིན་པའི་བོད་ཕྲུག་ཚོར་བདག་ལྟ་བུས་ལམ་སྟོན་གྱི་སྒྲོན་མེ་སྤར་ཏེ་ཉེན་ལྡན་གྱི་གཡང་ས་ལས་སྐྱོབས་མི་ནུས་ལ། གནས་ལུགས་ཀྱི་ངོ་གདོང་བསྟན་ཏེ་སྒྲིག་འཛུགས་ཀྱི་ཁ་ཕྱོགས་བསྒྱུར་མི་ནུས་ན་ཡང་། ཡང་དག་པའི་བསམ་བློའི་ཞིང་ས་རུ་ལོ་རྒྱུས་ཀྱི་བདེན་དཔང་བསྣམ་སྟེ། འོད་སྟོང་ལྡན་པའི་སེམས་ཤུགས་ཀྱི་སྐུལ་ལྕག་གནང་དགོས་པ་གནད་དུ་མཐོང་། དེས་ན་ཤེས་ཡོན་སྲིད་བྱས་ཀྱི་ལམ་ལུགས་འདིས་བསྐྱངས་ཟིན་པའི་ཤེས་ཡོན་པའི་སྡེ་ཁག་དང་། ད་ལྟར་སྐྱོང་བཞིན་པའི་སློབ་ཕྲུག་གི་ཚོགས་སྡེ། མ་འོངས་སྐྱོང་འགྱུར་གྱི་བོད་ཕྲུག་ཚོས་ཕམ་ཁ་དང་གྱོང་རྒུད་ཅིག་ཆར་དུ་རག་ཟིན་པ་དང་། རག་བཞིན་པ། རག་པར་འགྱུར་བ་རྣམས་ཤེས་ཡོན་སྲིད་བྱས་ཀྱི་ལམ་ལུགས་འདིའི་ཉིང་བཅུད་ལས་ཁོལ་དུ་བྱུང་བ་རེད་ལ། སློབ་གསོའི་ཁ་ཕྱོགས་མ་འདང་བ་ཡང་ལམ་ལུགས་འདི་དང་འབྲེལ་བ་དམ་ཟབ་ཡོད་པ་སྨྲོས་ག་ལ་དགོས། མདོར་ན་བདག་གིས་ལེའུ་ཚན་འདི་བཀླགས་པའི་ཚོར་ཤེས་ཀྱི་སྣེ་ནས་ངུ་སྤྲོ་བའི་བསམ་ཚུལ་ཐན་ཐུན་བྱུང་བ་འདི་ནི། མི་རིགས་འདི་ལ་སྐྱིད་སྡུག་དང་ལས་དབང་གཅིག་པའི་བོད་པ་ཞིག་ཡིན་པའི་ཆ་ནས་སེམས་པའི་ཟབ་ས་དང་འགྲིན་པའི་མཐོ་ས་ནས་བཤད་པ་ཙམ་ལས། གང་ཞིག་ལ་སྐྱོན་བརྗོད་དང་སུ་ཞིག་ལ་ཁ་གཏད་དུ་འགྲེང་བ་མ་ཡིན་པ་ཤེས་པར་གྱིས།།