རྔ་པ་ཁུལ་མཛོད་དགེ་རྫོང་དུ་རང་ལུས་མེར་སྲེག་གི་ངོ་རྒོལ།

1_renchen_02ཕྱི་ལོ་༢༠༡༣ ཟླ་༢ ཚེས་༡༩ ཉིན་གྱི་ཕྱི་དྲོའི་བོད་ནང་གི་དུས་༩།༣༠ ཙམ་ལ་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་། རྐྱང་ཚ་ཡུལ་ཚོའི་མགར་གདོང་སྡེ་པའི་རིན་ཆེན་དང་། བསོད་ནམས་དར་རྒྱས་གཉིས་ཀྱིས་རྐྱང་ཚ་ཡུལ་ཚོའི་ཐོག་དུ་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་རེད།

དེ་ཡང་དྷ་ས་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་དང་བློ་བཟང་ཡེ་ཤེས་གཉིས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། གཞོན་སྐྱེས་ཁོང་གཉིས་ཀྱིས་རྒྱ་ནག་གིས་བོད་ཐོག་འཛིན་པའི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་བྱས་པ་ཡིན་པ་དང་། སྐབས་དེར་སྐད་འབོད་ག་རེ་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་བོ་ཤེས་རྟོགས་ཐུབ་མེད་པ་རེད། དམ་པ་ཁོང་གཉིས་ཀྱི་སྐུ་ཕུང་ནང་མིའི་ལག་ཏུ་རག་ཡོད་ལ་བོད་རང་གི་སྲོལ་རྒྱུན་ གྱི་འགྲོ་ལུགས་ལྟར་དུར་འཇུག་དང་དགེ་སྒྲུབ་བྱེད་ཐུབ་པའི་རེ་བ་བྱེད་བཞིན་ཡོད་ འདུག

 

1_renchen_02

རིན་ཆེན་གྱི་ཕ་མིང་ལ། དོན་འགྲུབ་ཚེ་རིང་། མ་མིང་ལ་ཨ་དོན(འདས་ཟིན)། རང་ལོ་༡༧ ཡིན་འདུག བསོད་ནམས་དར་རྒྱས་ཀྱི་ཕ་མིང་ལ། ཚེ་རིང་དོན་འགྲུབ། མ་མིང་ལ་བཀྲ་ཁོ་ཟེར་ཞིང་། རང་ལོ་༡༨ ཡིན་འདུག

ཁོང་གཉིས་ཆུང་དུས་ནས་རྐྱང་ཚ་ཡུལ་ཚོའི་སློབ་ཆུང་འགྲིམས་ཤིང་སློབ་མཐར་ཕྱིན་རྗེས་རིན་ཆེན་ཝུན་ཁྲོན་ཕྱོགས་སུ་ལོ་ཤས་རིང་སློབ་སྦྱོང་དུ་སོང་ཡོད་ལ། ལོ་གཅིག་ཙམ་གྱི་གོང་ནས་མཚོ་སྔོན་ཕྱོགས་སུ་སོང་སྟེ་ལས་གླ་བྱས་ནས་ད་རེབ་ལོ་སར་གུང་སེང་ལ་ཕྱིར་ཕ་ཡུལ་དུ་ཡོང་བ་ཡིན་འདུག

ད་ལྟ་བོད་ནང་དུ་རྒྱ་གཞུང་ལ་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱེད་མཁན་༡༠༤ བྱུང་བ་དང་། བལ་ཡུལ་དང་རྒྱ་གར་དུ་རང་ལུས་མེར་སྲེག་གཏོང་མཁན་༦ བྱུང་ཡོད་པ་རེད།།