དྷ་སར་གཞུང་འབྲེལ་མཆོད་འབུལ།
དེ་རིང་བོད་མི་ཡོད་སའི་འཛམ་གླིང་གི་ས་ཁུལ་ཡོངས་ནས། བོད་མིའི་རང་ལུས་མེར་སྲེག་གི་ལས་འགུལ་བའི་གྲངས་༡༠༠ བརྒལ་བ་དང་བསྟུན་ཏེ། ཉིན་བརྒྱ་དུས་གཅིག་གི་མཆོད་འབུལ་སྨོན་ལམ་བྱེད་ཀྱི་ཡོད་པ་ལྟར། དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཡང་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་འཚོགས་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༠ ཉིན་གྱི་དགོང་དྲོའི་ཆུ་ཚོད་༣ པའི་སྟེང་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་དབུ་བཞུགས་ཐོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་དང་སྲི་ཞུའི་ལས་བྱེད་རྣམ་པ། གཞན་ཡང་དྷ་སའི་ཉེ་འཁོར་གྱི་གྲྭ་ཚང་དང་བཙུན་དགོན་ཁག་གི་གྲྭ་བ་དང་བཙུན་མ་བཅས་སེར་སྐྱ་མི་མང་བརྒྱ་ཕྲག་བརྒལ་བ་མཉམ་འཛོམས་ཀྱིས། བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རང་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་བསྔོ་སྨོན་དང་། དེ་དག་གི་ཤུལ་ལུས་ནང་མི་སྤུན་ཟླ་ཚོར་གདུང་སེམས་མཉམ་བསྐྱེད་ཆེད་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་འཚོགས་སོང་།
སྐབས་དེར་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མས་མཆོད་འབུལ་སྨོན་ལམ་དང་འབྲེལ་བའི་གསུང་བཤད་གནང་སྐབས། ཚང་མས་མཁྱེན་གསལ་ལྟར་དེ་རིང་འདིར་ང་ཚོས་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོག་གི་ཡོད་པ་ལྟར། བོད་མི་ཡོད་སའི་ས་ཁུལ་ཡོངས་ནས་ཉིན་བརྒྱ་དུས་གཅིག་གི་མཆོད་འབུལ་སྨོན་ལམ་འཚོག་གི་ཡོད་རེད། དེ་ལྟར་འཚོག་དགོས་པའི་རྒྱུ་མཚན་དེ་རྒྱ་གཞུང་གིས་བོད་དབང་བསྒྱུར་བྱས་པ་ལ་བརྟེན་ནས། བོད་མི་ས་ཡ་གཅིག་ཙམ་གྱི་སྲོག་ཤོེར་ཡོད་པ་དང་། ཕྱི་ལོ་༢༠༠༩ ལོར་གྲྭ་བཀྲ་བྷེས་རང་ལུས་མེར་སྲེག་བཏང་པ་ནས་བཟུང་། ཕྱི་ལོ་༢༠༡༣ ཟླ་༢ ཚེས་༣ ཉིན་བོད་ནང་གི་སྔ་དྲོ་ཆུ་ཚོད་༦ ཙམ་ལ་རང་ལོ་༣༧ ལ་སོན་པའི་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྣམ་རྒྱལ་དང་། ཕྱི་ཟླ་༢ ཚེས་༡༣ ཉིན་བོད་ནང་གི་ཉིན་དགུང་ཆུ་ཚོད་༡།༡༠ ཡས་མས་སུ། བོད་མདོ་སྨད་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་གྱི་ཁོངས་གཏོགས་ཨ་མཆོག་སྨད་ཀྱི་ཀླུ་ཤོད་སྐྱི་ནང་ཞེས་པའི་ས་གནས་ཀྱི་རང་ལོ་༢༦ ཡིན་པའི་རྒྱལ་གཅེས་པ་འབྲུག་པ་མཁར། ཕྱི་ཟླ་༢ ཚེས་༢༧ ཉིན་གྱི་བོད་ནང་གི་ཕྱི་དྲོ་ཆུ་ཚོད་༦ ཙམ་ལ། བླ་བྲང་བསང་ཆུ་རྫོང་རྒན་གྱ་ཞང་། རི་སྔོན་སྡེ་པ་ནས་ཡིན་པ་རང་ལོ་༤༩ ལ་སོན་པའི་རྒྱལ་གཅེས་པ་གནམ་ལྷ་ཚེ་རིང་གསུམ་ནས། རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་ཡོད་པ་དང་། དེ་བཞིན་ཟླ་འདིའི་ཕྱི་ཚེས་༡༩ ཉིན་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་། རྐྱང་ཚ་ཡུལ་ཚོའི་མགར་གདོང་སྡེ་པའི་རིན་ཆེན་དང་། བསོད་ནམས་དར་རྒྱས་གཉིས་ཀྱིས་རྐྱང་ཚ་ཡུལ་ཚོའི་ཐོག་དུ་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་སོགས། ང་ཚོས་ཤེས་བྱུང་བ་ད་ལྟའི་བར་བོད་མི་༡༠༤ རང་ལུས་མེར་སྲེག་གི་གནས་ཚུལ་བྱུང་ཡོད། དེ་བཞིན་ཟླ་འདིའི་ཕྱི་ཚེས་༡༣ ཉིན་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྒོ་ཆེན་འགྲམ་དུ། ཁམས་དཀར་མཛེས་ཁུལ་གསེར་རྟ་རྫོང་ནས་ཡིན་པའི་བོད་མི་འགྲུབ་བཞིན་ཚེ་རིང་ཞེས་པ་ཞིག་གིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དེ་དག་གི་ཆེད་ང་ཚོས་མཆོད་འབུལ་སྨོན་ལམ་བྱེད་ཀྱི་ཡོད་པ་རེད་ཅེས་དང་།
ཡང་ཁོང་གིས་རྒྱ་གཞུང་གིས་བོད་ཐོག་བཟུང་བའི་མཁྲེགས་བཟུང་ཅན་གྱི་སྲིད་ཇུས་ལ་བསྐྱར་ཞིབ་ཀྱིས་གྲོས་མོལ་བྱ་འདོད་ཡོད་ན། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ག་དུས་ཡིན་ན་ཡང་གྲ་སྒྲིག་ཡོད་སྐོར་དང་། དེ་བཞིན་རྒྱལ་སྤྱིའི་ཚོགས་པ་ཁག་གིས་མུ་མཐུད་དུ་བོད་རྒྱབ་སྐྱོར་བྱེད་དགོས་སྐོར་སོགས་གསུངས་སོང་།
ཆོས་རིག་ལས་ཁུངས་ཀྱིས་ཉིན་ཁ་ཤས་ཀྱི་སྔོན་ནས་གསལ་བསྒྲགས་བྱས་པ་ལྟར། དེ་རིང་དྷ་ས་ཙམ་མ་ཡིན་པར་བོད་མི་འདུས་སྡོད་བྱེད་སའི་ས་གནས་ཡོངས་ནས་ཉིན་བརྒྱ་དུས་གཅིག་གི་མཆོད་འབུལ་སྨོན་ལམ་འཚོག་གི་ཡོད་པ་རེད་འདུག
ཕྱི་ལོ་༢༠༠༩ ལོ་ནས་བཟུང་ད་ལྟའི་བར་བོད་ནང་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གཏོང་མཁན་༡༠༤ དང་བཙན་བྱོལ་ནང་༦ བྱུང་ཡོད་པ་རེད།