མོན་གྷོ་རུ་མཆོད་འབུལ་སྨོན་ལམ།

བོད་བསྟན་པ་ཆབ་སྲིད་ཆེད་རང་སྲོག་ཤོར་བ་ཚོའི་ཆེད་དུ་ཟླ་འདིའི་ཚེས་༢༠ ཉིན་བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་འཛམ་གླིང་ས་ཕྱོགས་གང་སར་གཞུང་འབྲེལ་ཐོག་ཉིན་བརྒྱ་དུས་གཅིག་གི་མཆོད་འབུལ་སྨོན་ལམ་འཚོགས་ཀྱི་ཡོད་པ་བཞིན་ཡོད་པ་ལྟར། རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་སུ་ཡང་མཆོད་འབུལ་སྨོན་ལམ་ཞིག་ཁོངས་སོ་སོར་འཚོགས་ཡོད་པ་རེད།

news_photo_form_mundgod1_2013_2_20དེ་ཡང་གདན་ས་ཆེན་པོ་དགའ་འབྲས་གཉིས་དང་རྭ་སྟོད་གྲྭ་ཚང་བཅས་ཀྱི་དགེ་ལྡན་སྨོན་ལམ་ཆེན་མོ་འབྲས་སྤུངས་བླ་སྤྱིར་འཚོགས་བཞིན་ཡོད་པ་དང་། སྟབས་བསྟུན་ནས་དགའ་ལྡན་ཁྲི་རིན་པོ་ཆེ་དབུ་གཞུགས་ཐོག་རྒྱལ་གཅེས་དཔའ་བོ་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་མཚོད་ཆེད་མཆོད་འབུལ་སྨོན་ལམ་གསུངས་པ་དང་།   དེ་བཞིན་མོན་གྷོ་ས་གནས་གཞིས་མཉམ་གཉིས་དང་འཕྲོད་སྟེན་ལས་ཁང་། ས་གནས་འཐུས་ཚོགས་བཅས་ཀྱི་ལས་ཀྱི་སྣེ་མོ་བ་ཡོངས་མཉམ་འཛོམས་ཐོག་མཆོད་འབུལ་སྨོན་ལམ་གཞིས་གྲོང་གསུམ་པའི་ཉེས་འཁྲིས་དུས་འཁོར་ཕོ་བྲང་དུ་འཚོགས་ཡོད་པ་རེད།

གཞན་ཡང་མོན་གྷོ་ས་གནས་ཀྱི་བཀའ་བརྒྱུད་དགོན་པ་དང་རྙིང་མ།  ས་སྐྱ་སོགས་གྲྭ་ཚང་ཁག་དང་གཞིས་གྲོང་ཁག་དགུ། སློབ་གྲྭ་ཁག་བཅས་ཁོངས་སོ་སོར་འཚོགས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ་ཞུས་པ་མ་ཟད། ཉིན་འདིར་མོན་གྷོ་ས་གནས་ཀྱི་ཚོང་ཁང་དང་ཟ་ཁང་ཡོངས་རྫོགས་སྒོ་བརྒྱབ་ནས་མྱ་ངན་བྱས་ཡོད་པ་རེད།།

མོན་གྷོ་གསར་འགོད་པས།