མཚན་མོའི་དུས་ཚོད་རྫོགས་ཆེད་དང་སྨན་ཁང་ལ་ཞེ་མེར་བྱེད་སྟངས་ཤིག།

མཚན་མོའི་དུས་ཚོད་རྫོགས་ཆེད་དང་སྨན་ཁང་ལ་ཞེ་མེར་བྱེད་སྟངས་ཤིག།།

སྐྱོ་གདུང་དང་ན་ཟུག་གིས་ཁེངས་པའི་ཁང་རྒན་མ

འཇིག་སྐྲག་དང་དངངས་སེམས་ཀྱིས་མནར་བའི་མཚན་རིང་མ

འདི་ནི་བདག་གི་འདུ་ཤེས་ཀྱིས་མྱང་བའི་ཚོར་བ་སྟེ

དུར་ས་ལས་རྙེད་པའི་གོད་ཆག་རྫོགས་མེད་དེ་མ་ཡིན་ནམ།

 

ཆ་རྒྱས་མེད་པའི་མི་ཚོགས་ཤིག་གི་བར་གསེང་ནས་ཉལ་ཏེ 

འཛེམ་དོགས་དང་བཙོག་སྣང་གིས་སེམས་པ་སྒྲིབ་བཞིན 

ཕ་ཁྱིམ་ལྷ་བུའི་མལ་ས་དྲོན་མོར་ཕྱིར་དྲན་བྱེད་ཞོར

ཉལ་ཁྲི་མེད་པའི་རྡོ་གདན་སྲབ་མོའི་ངོ་གདོང་ལ་འདི་ལྟར་ཅེར།

 

བལྟས་ཚོད་ལ་རྔམ་བརྗིད་ལྡན་པའི་སྨན་ཁང་ཆེན་མོ་སྟེ

གང་ནས་ཕེབས་ཆོག་ཆོག་དང་ཀུན་ནས་ཉལ་ཆོག་ཆོག་ལགས

ཁྱེད་ཀྱིས་ནད་དྲི་དང་སྨན་དྲིའི་སྤོ་ངད་བསྣམས་ཏེ་ལྷག་བསམ་གྱིས་འདི་ལྟར་བཞེངས་དུས

ནད་གཡོག་པས་ཁྱེད་ལ་སེམས་གཏིང་གིས་གུས་འདུད་ཞུ་འོས་ན་ཡང་

བདག་སེམས་ལ་འཚུབ་ཆ་ལངས་ཏེ་ངུ་རྒྱུ་ལས་ཅི་ཡང་མ་དྲན།

 

ད་དུང་བཟའ་ཟླ་དང་སྤུན་མཆེད་བར་གྱི་གྱེས་གཏམ་ལ་བཞི་ཤད་མ་བྲིས་པར

གློ་བུར་གློ་བུར་གྱིས་ད་ངོགས་དང་གཅིག་གཅིག་ཏུ་བྲལ་དུས

སྐྱོ་གདུང་གིས་གཅུན་པའི་བདག་སེམས་ལ་སྐུལ་མ་དང་

རྒྱང་རིང་དུ་ལུས་པའི་གཉེན་ཉེ་ལ་ཇེ་དུང་དུ་བྱིན།