མ་རྩ་བཏང་ཡོད། ཚོང་ཕོག་གི་འདུག་གམ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༢༦  ཕྱི་ལོ་ ༢༠༡༣/༢/༢༠

བོད་ནང་དུ་རྒྱལ་གཅེས་དཔའ་བོ་བཀྲ་བྷེ་ལགས་ཀྱིས་ཕྱི་ལོ་༢༠༠༩ ཟླ་༢ ཚེས་༢༩ ཉིན་མདོ་སྨད་རྔ་པ་རུ་རང་ལུས་མེ་སྲེག་བཏང་བ་ནས། ཟླ་འདིའི་ཚེས་༡༧ ཉིན་མདོ་སྨད་བླ་བྲང་བསང་ཆུ་རྫོང་ཐོག་ཏུ་རྒྱལ་གཅེས་དཔའ་བོ་གནམ་ལྷ་ཚེ་རིང་ལགས་ཀྱིས་རང་ལུས་མེར་སྲེག་བཏང་པའི་བར།

བོད་ནང་གཅིག་པུ་ནས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེ་སྲེག་བཏང་བའི་གྲངས་འབོར་༡༠༢ ལ་ཟིན་ཡོད། ད་དུང་གསལ་ཁ་དེ་ཙམ་མ་བྱུང་བས་གྲངས་འབོར་ནང་བརྩི་མ་ཐུབ་པའང་བྱུང་ཡོད་ལ། རྒྱ་གཞུང་གི་དམ་དྲག་འོག་ནས་ཤེས་རྟོགས་མ་བྱུང་བའང་ཡོད་སྲིད་པ་རེད། རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་ངོས་ནས་རང་སྲེག་ངོ་རྒོལ་གནང་བའི་སྐབས་བོད་ལ་རང་དབང་དགོས་པ་དང། རང་བཙན་དགོས་པ་སོགས་འབོད་ཚིག་མི་འདྲ་བ་མང་པོ་བྱུང་ཡང་མདོར་བསྡུས་ན་བོད་ལ་རང་དབང་དགོས་པ་དང། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་དུ་ཆིབས་བསྒྱུར་གནང་ནས་གཞིས་བྱེས་མཉམ་འཛོམས་དགོས་པ་དེ་གཅིག་གྱུར་གྱི་འབོད་སྒྲ་དང་རེ་འདུན་རེད་ཅེས་ཁ་ཚོན་བཅད་ནས་བརྗོད་ཆོག

རང་ལུས་མེ་སྲེག་གི་ལས་འགུལ་འདི་ནང་པའི་ཆོས་དང་འགལ་མེད་པ་དགའ་ལྡན་ཁྲི་རིན་པོ་ཆེས་གསལ་སྟོན་གནང་སོང་བ་བཞིན། ནང་པའི་དགེ་སྦྱོང་ཡིན་མིན་གྱི་ས་མཚམས་ཀྱང་གཞན་ལ་འཚེ་བ་བྱེད་དང་མི་བྱེད་ཀྱི་ཐོག་ནས་བཞག་ཡོད་པ་“གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ་”ཞེས་པའི་སྡོམ་ཚིག་དེས་བསྟན་ཡོད། དེར་བརྟེན་ད་བར་བོད་ཀྱི་རྩ་དོན་དང་མི་རིགས་ཀྱི་ཆེད་དུ་རང་ལུས་མེ་སྲེག་བཏང་བ་རྣམས་ཀྱིས་གཞན་ལ་འཚེ་བ་ཞིག་གཏན་ནས་གནང་མེད་པ་འདི། རྒྱ་དམར་དྲག་གཞུང་གིས་ཀྱང་ཁས་ལེན་མི་བྱེད་ཀ་མེད་དུ་གྱུར་ཡོད་ཀྱང། ཆོས་ལ་དུག་ཏུ་བལྟ་བའི་དམར་པོའི་གཞུང་དང། ནང་པའི་ཆོས་ཀྱི་གནས་ལུགས་མི་ཤེས་པའི་མགོ་སེར་རེ་ཟུང་གིས་སི་རི་ཡའི་ནང་གི་དམར་གསོད་དོན་རྐྱེན་དང། ལི་བྷི་ཡའི་ནང་གི་དམར་གསོད་དོན་རྐྱེན་ལ་དངོས་ཤུགས་གཉིས་ནས་རྒྱབ་སྐྱོར་བྱེད་བཞིན་དུ། བོད་ནང་རང་ལུས་མེ་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་པ་འདི་འཚེ་བ་ཡིན་པའི་འགྲེལ་བཤད་རྒྱག་པ་ནི་གནས་ལུགས་ངོ་མ་ལས་བརྒལ་ཏེ། རང་ཁེ་དོན་དུ་གཉེར་པ་འབའ་ཞིག་ལས་རྒྱུ་མཚན་ཏིལ་འབྲུ་ཙམ་ཞིག་མེད།

འཚེ་མེད་ཞི་བའི་ལས་འགུལ་ཚད་མཐོ་ཤོས་སུ་གྱུར་པའི་རང་ལུས་མེ་སྲེག་གི་ལས་འགུལ་འདིས། རྒྱ་དམར་དྲག་གཞུང་གི་བཙན་གནོན་འོག་ཏུ་བོད་མི་རིགས་ལ་རང་དབང་དང་ཐོབ་ཐང་གཏན་ནས་མེད་པ་དང། རྒྱ་གཞུང་གིས་མནར་གཅོད་ག་ཚོད་གཏོང་གི་ཡོད་པའི་བདེན་དོན་ཡང་གསལ་སྟོན་བྱས་པ་མ་ཟད། བོད་མི་རིགས་ཀྱི་སྙིང་སྟོབས་དང་འཚེ་མེད་ཞི་བའི་ལྟ་གྲུབ་ལ་ད་བར་ཡིད་ཆེས་བློས་འགེལ་བྱས་པའི་ཆོད་སེམས་ཀྱང་མཚོན་ཡོད། བོད་ནང་དུ་རྒྱ་གཞུང་གིས་བཤད་པ་བཞིན་རང་དབང་ལྡན་ཞིང་མནར་གཅོད་གཏན་ནས་མེད་ན་འགྲོ་བ་མི་ཞིག་གིས་རང་ཉིད་ཀྱི་ཚེ་སྲོག་རྩེད་ཆས་ལྟ་བུ་བྱེད་མི་སྲིད་ལ། རང་སྲོག་བློས་གཏོང་ཐུབ་མཁན་གྱི་དཔའ་རྒོད་རྣམས་ཀྱིས་རྫས་འཕྲུལ་དང་མཚོན་ཆ་དར་ཁྱབ་ཆེ་བའི་དུས་རབས་འདིར་དགྲ་བོ་བརྒྱ་ཕྲག་མང་པོའི་ཚེ་སྲོག་དུས་གཅིག་ཏུ་འཕྲོག་ཐུབ་པ་མ་ཟད། ཁང་བརྩེགས་དང་ཟམ་ཆེན་སོགས་མི་མང་འདུ་འཛོམས་ཆེ་སའི་ས་གནས་ཁག་ཀྱང་ལས་སླ་པོའི་ཐོག་ནས་གཏོར་ཐུབ། འོན་ཀྱང་གཞན་ལ་གནོད་འཚེ་མི་བྱེད་པར་རང་ལུས་མེ་སྲེག་བཏང་ནས། བོད་ལ་རང་དབང་དང་ཞི་བདེ་ཡོང་ཆེད་བོད་ཀྱི་དཀའ་སྡུག་དང་བདེན་དོན་རྒྱ་དམར་དྲག་གཞུང་དང་རྒྱལ་སྤྱིའི་ཐོག་གསལ་སྟོན་བྱས་པ་འདི། གཞན་ལ་འཚེ་བའི་ལས་སྤངས་པའི་མཚོན་རྟགས་འབའ་ཞིག་ཏུ་གྱུར་ཡོད།

ད་བར་བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་དགོས་འདུན་གཙོ་བོ་ནི། གོང་དུ་བརྗོད་པ་བཞིན་བོད་ལ་རང་དབང་དགོས་པ་དང། ༧གོང་ས་མཆོག་བོད་དུ་ཆིབས་བསྒྱུར་གནང་དགོས་པ་དེ་རེད། བོད་ལ་སུ་གང་གིས་གནོན་ཤུགས་མེད་པར་རང་དབང་ཆ་ཚང་ཡོད་པའི་ཐོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་དུ་ཆིབས་བསྒྱུར་གནང་ནས་གཞིས་བྱེས་མཉམ་འཛོམས་ཀྱི་སྐྱིད་པའི་ཉི་མ་འཆར་ཐུབ་པ་ཞིག་ཏུ་ངོས་འཛིན་བྱེད་དགོས་པ་ལས། དུས་ཐུང་ནང་གནས་གཟིགས་ཙམ་བོད་ལ་ཆིབས་བསྒྱུར་གནང་དགོས་པ་ཞིག་ཏུ་ངོས་འཛིན་གཏན་ནས་གནང་མི་རུང་བར་བོད་དོན་བདེན་མཐའ་གསལ་ཐབས་ལ་འབད་བརྩོན་བྱེད་དགོས། རང་ལུས་མེ་སྲེག་བཏང་བ་ཙམ་དུ་མ་ཟད། རྒྱ་མིས་དམར་གསོད་བཏང་བ་དང་བཙོན་ཁང་ཁག་ཏུ་བཙོན་འཇུག་མནར་གཅོད་མྱོང་བཞིན་པའི་བོད་རིགས་དཔའ་བོ་དཔའ་མོ་དེ་དག་གི་དགོས་འདུན་ཡང་དེ་དག་དང་གཅིག་གྱུར་ཡིན་པར་ངོས་འཛིན་ཞུ་ཆོག་པ་ཞིག་རེད།

བོད་ནང་ནས་བོད་ཀྱི་རྩ་དོན་ཆེད་བློས་གཏོང་ཆེན་པོ་དེ་ཙམ་བྱས་པར་བརྟེན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནས་ནུས་ཤུགས་ཡོད་རྒུ་འདོན་དགོས་པའི་དུས་ལ་བབ་ཡོད་ལ། དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་སྐབས་བོད་ནང་གི་བསམ་ཚུལ་བསྡུ་ལེན་བྱས་པར། བོད་མི་ཁག་ཅིག་གིས་”ང་ཚོས་མ་རྩ་བཏང་ཡོད། ཚོང་ཕོག་གི་འདུག་གམ་”ཞེས་བརྗོད་པ་བཞིན། གཅེས་པའི་ཚེ་སྲོག་བརྒྱ་ལྷག་བློས་བཏང་ནས་རྩ་དོན་གྱི་ཆེད་དུ་མ་རྩ་བཏང་ཡོད་པས། རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་རག་ཐབས་དང་རྒྱ་ནག་གཞུང་གི་སྲིད་བྱུས་ལ་འགྱུར་བ་གཏོང་ཐུབ་མིན་སོགས་ཀྱི་ཐོག་ནས་ཚོང་ཕོག་དང་མི་ཕོག་བོད་མིའི་སྒྲིག་འཛུགས་དང། འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ལག་ཏུ་ཡོད་པ་ལྟ་བུར་གྱུར་ཡོད་ལ། རྒྱ་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་ལ་གུ་ཡངས་པོའི་ཐོག་ནས་འགྱུར་བ་ཞིག་གཏོང་མ་ཐུབ་ན། བོད་ནང་དུ་བོད་ཀྱི་རྩ་དོན་ཆེད་རང་སྲོག་བློས་གཏོང་གི་ཞི་རྒོལ་གནང་བཞིན་པ་འདིའི་ཁ་ཕྱོགས་གཞན་ཞིག་ཏུ་འགྱུར་རྒྱུའི་ཉེན་ཁའང་མེད་པ་གཏན་ནས་མ་རེད།།