༄། སྙིང་གི་མཛའ་མོའི་སྐྱེས་སྐར་ལ་ཕུལ།།
གནག་སྣུམ་སྐྲ་ཡི་ལན་བུ་ཤིག་ཤིག་གཡོ།། མཛེས་སྡུག་ཡིད་འོང་འཛུམ་ཞལ་ལྷག་ལྷག་དགོད།། སྙིང་གཏམ་བདུད་རྩིའི་ཞིམ་མངར་དུང་དུང་འཕྱོ།། དེ་རིང་མཛའ་མོའི་ཉི་མ་བཟང་པོར་བསྟོད།། བྱམས་ལྡན་ཐུགས་རྒྱུད་འོ་མའི་མཚོ་ལས་ཟབ།། གཞན་ཕན་ལྷག་བསམ་ངང་བའི་སྤུན་ལས་དཀར། ཤེས་འཇོན་མཛངས་མའི་དྭངས་མ་ཁྱེད་གཅིག་པུ།། སྙིང་གི་པད་འདབ་དཀྱིལ་ན་ལྷན་མེར་བཞུགས།།
མ་བཅོས་ཡ་རབས་སྤྱོད་བཟང་རྒྱན་བཞིན་འདོགས།། མ་སྨད་དེང་རབས་ཤེས་བྱའི་རྩེ་མོར་སོན།། མ་བཟང་བུ་མོའི་གཤིས་ཀ་འདི་མཇལ་ཚེ།། མ་བསྐུལ་བསྟོད་བསྔགས་མགྲིན་པའི་རོལ་མོ་འཁྲོལ།། རྟེན་འབྲེལ་ལུགས་འབྱུང་འཁོར་བའི་གྲུ་ཟུར་ནས།། རྟེན་འབྲེལ་ལུགས་ལྡོག་སྒྱུ་མའི་རྟར་ཞོན་ཏེ།། རྟེན་མཆོག་མི་ལུས་རྙེད་པ་བས་ཀྱང་ནི།། རྟེན་འབྲེལ་བཟང་པོས་ཁྱེད་མཇལ་སྐལ་བཟང་སྙམ།། མ་ཡུམ་གངས་ལྗོངས་སྐྱིད་པའི་རྒྱལ་རྒྱུད་ལ།། མ་མཆོག་བུ་མོའི་ཡང་རྩེ་ཁྱེད་ལྟ་བུ།། མ་ལུས་ས་གཞི་བསྐོར་ཀྱང་མི་རྙེད་པས།། མ་བཙལ་བདག་གི་དཔལ་དུ་ཐོབ་འདི་རྨད།། བདག་སྙིང་མི་ཤིགས་རྡོ་རྗེའི་གུར་ཁུང་ནས།། བདག་སེམས་གེ་སར་གཞོན་ནུའི་བརྩེ་གྲོགས་སུ།། བདག་ལུས་སྒྱུ་མའི་འཇིག་རྟེན་མ་སྟོང་བར།། བདག་དང་མི་འབྲལ་ལྷན་ཅིག་འགྲོགས་པར་སྨོན།། སྐྱེ་བ་འདི་དང་སྐྱེ་བ་གཞན་དག་དང་།། སྐྱེ་གནས་རིགས་དྲུག་མཐོ་དམན་གར་སྐྱེས་ཀྱང་།། སྐྱེ་ཀུན་སྐྱེས་མ་ཁྱེད་དང་དུས་རྟག་ཏུ།། སྐྱེ་ནས་སྐྱེ་བར་མཛའ་བརྩེའི་མཐུན་གྲོགས་ཤོག །། ༠༢/༢༠/༢༠༡༣ལ་བྲིས་སོ།