ལ་དྭགས་སུ་གངས་སྐྱོན་གྱི་དཀའ་ངལ།

2013_2_26_1

ལ་དྭགས་བྱང་ཐང་ཁག་ཅིག་ཏུ་གངས་ཤུགས་ཆེན་བབས་ཏེ་བོད་མི་འབྲོག་པ་རྣམས་ཀྱི་སྒོ་ཕྱུགས་ཤི་བ་དང་། མི་མང་གི་རྐང་ལག་ཕྱིད་པ། ཡུལ་མིའི་འགྲོ་ལམ་འགག་པ་སོགས་ཀྱི་དཀའ་ངལ་ཤུགས་ཆེན་འཕྲད་ཀྱི་ཡོད་པ་རེད་འདུག

 

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱར་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༡༣ ཟླ་༡ ཟླ་དཀྱིལ་ཙམ་ནས་ཕྱི་ཟླ་༢ པའི་བདུན་ཕྲག་དང་པོའི་བར་ལ་དྭགས་བྱང་ཐང་བོད་མི་འབྲོག་པ་རྣམས་ཀྱི་གནས་ཡུལ་འབྲོག་པའི་རྩྭ་ཐང་ཐོག གངས་མཐོ་ཚད་ཕི་ཊི་༡ ནས་༢ བར་བབས་པར་བརྟེན་ར་ལུག་གྲངས་༥༠༠༠ ཙམ་གྲང་ངར་འོག་ལྟོགས་ཤི་ཐེབས་ཡོད་འདུག་པ་དང་།

2013_2_26_1དེ་བཞིན་རི་མཐོ་སར་གངས་མཐོ་ཚད་ཕི་ཊི་༢ ནས་༣ བར་བབས་ཡོད་འདུག་ལ། བྱུང་འགྱུར་ཉིན་ཤས་རིང་གྲང་ངར་འདི་ལྟར་མུ་མཐུད་ནས་གནས་རྒྱུ་ཧ་ལམ་ངེས་པར་བརྟེན། འབྲོག་པའི་སྒོ་ཕྱུགས་དེ་བས་མང་བར་འཆི་ཉེན་ཡོད་འདུག གངས་སྐྱོན་འོག་མྱོང་བཞིན་པའི་བོད་མི་འབྲོག་པ་རྣམས་ལ་ལ་དྭགས་ས་གནས་རྫོང་ལས་ཁུངས་དང། འཕགས་བོད་ས་མཚམས་སྐོར་སྲུང་རུ་ཁག (ITBP) དེ་བཞིན་འཕགས་བོད་ས་མཚམས་དྲག་ཆས་རུ་ཁག་(ITBF) བཅས་དང། གཞན་ཡང་བོད་པའི་དམག་མིའི་རུ་ཁག་(Vikas) སོགས་ཀྱིས་ལམ་བཟོ་དང་ཟ་ཆས་མཐུན་རྐྱེན་མཁོ་སྒྲུབ་ཀྱི་རོགས་རམ་ཧ་ཅང་གནང་ཡོད་པ་མ་ཟད། ཛ་དྲག་གནས་སྟངས་འོག་སྨན་དང་སྒོ་ཕྱུགས་རྣམས་ལ་ལྟོ་ཆས་སོགས་རོགས་རམ་གནང་ཡོད་པ་རེད།

སྤྱིར་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ལས་ཁུངས་ཁོངས་སུ་བྱང་ཐང་ས་གནས་ཁག་དགུ་ཡོད་ཁོངས་ནས་ཐེངས་འདིར་གངས་ཀྱི་གནོད་འཚེ་ཚབས་ཆེ་ཤོས་ཕོག་ཡུལ་ནི་བཀག་གཞུང་དང། རྒོད་ཡུལ། ཆུ་མུར། ཧན་ལེ། གསུམ་མདོ། བྱང་ཐང་ཉི་མ་བཅས་ཡིན་འདུག བྱང་ཐང་ཁར་ནག་ལྟ་བུར་མཚོན་ན་ཁ་བ་འབབ་ཤུགས་ཆེ་དྲག་པར་བརྟེན། འགྲོ་ལམ་འགག་སྟེ་གནས་སྟངས་ཇི་ཡིན་ཤེས་རྟོགས་ཐུབ་རྒྱུ་ཧ་ཅང་དཀའ་ངལ་འཕྲད་བཞིན་ཡོད། དེ་བཞིན་ཡུལ་མི་ཁག་གཅིག་གི་མིག་དང་རྐང་ལག་ལ་གངས་འཕྱིད་ཐེབས་ཡོད་འདུག་པ་དང་། དེ་བཞིན་ཕྱི་ལོ་༡༩༩༨ ལོར་ཡང་བྱང་ཐང་ཁུལ་དུ་གངས་ཆེན་པོ་འབབས་མྱོང་ཡོད་པ་རེད་འདུག

2013_2_26_2