དབུ་མའི་ལམ་གྱི་མགོ་རྙོག་དེས་རྒྱལ་སྤྱིའི་སྒང་ནས་བོད་དོན་ལ་རྒྱབ་སྐྱོར་དང་སྐད་ཆ་བཤད་མི་ཤེས་པ་ཞིག་བཟོས་སོང་།
རྡ་སའི་བཙན་བྱོལ་དབུས་དབུ་མའི་ལམ་འདིས་ང་ཚོའི་འཐབ་རྩོད་བྱེད་མི་ཤེས་པ་ཞིག་བཟོས་སོང་ལ་རྒྱལ་སྤྱིའི་ལྒང་ནས་བོད་དོན་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་མི་ཤེས་པ་ཞིག་བཟོས། ཨ་རིའི་སྲིད་འཛིན་ཨོ་པད་མ་གཞུང་འབྲེལ་ཐོག་རྒྱ་ནག་ལ་གཟིགས་སྐོར་ཕེབས་དུས་ཀྱི་གཏམ་བཤད་ནང་། ངས་བོད་འདི་རྒྱ་མིའི་ཆ་ཤས་སུ་ངོས་ལེན་བྱེད་ཀྱི་ཡོད་ཅེས་གསུངས་པ་ལ་བོད་མི་ཁ་ཤས་ཤིག་གིས་ཁོང་རྒྱ་མིའི་སྒོར་མོ་ལ་དགའ་ནས་རེད་དང་། རྒྱ་དགའ་འཁྲབ་པ་རེད་དང་།
རྒྱ་ནག་ལ་སྐྲག་པ་རེད་སོགས་གཏམ་འཁྱར་འདྲ་མིན་ཞིག་ཐོས་བྱུང་། གལ་ཏེ་ཨོ་པད་མ་སྒོར་མོ་ལ་དགའ་ནས་བོད་འདི་རྒྱ་ཡི་ཆ་ཤས་རེད་ཟེར་ནས་ཁེ་བཟང་ཞིག་ཨེ་རག་ལྟ་ན་ནི་རྒྱ་སྒོར་གཅིག་ཡང་རག་ཀྱི་མ་རེད་ལ་ངོ་དགའ་འཁྲབ་པ་ཡིན་ན་ཁོང་གིས་ཚར་བརྒྱ་སྟོང་བཏོན་རུང་རྒྱ་མིའི་སོ་དཀར་ཙམ་ཡང་སྟོན་གྱི་མ་རེད། གལ་ཏེ་ཁོང་སྐྲག་པ་ཡིན་ནའང་དེ་ལབ་པ་ཙམ་གྱིས་ཁོང་སྐྱོབས་མི་ཐུབ་པ་ཐག་ཆོད་རེད། བོད་འདི་རྒྱ་མིའི་ཆ་ཤས་ཡིན་པས་མ་ཚད་རྒྱ་བོད་ཁ་བྲལ་བྱེད་ཀྱི་མེད། བོད་འདི་རྒྱ་ཡི་འོག་ལ་སྡོད་ཀྱི་ཡིན་སོགས་ཁྱི་སྐད་དང་པོ་རྡ་སའི་གཞུང་གིས་འཛམ་གླིང་ལ་སྔ་ས་ནས་བསྒྲགས་ཚར་བ་ཡིན་དུས་རྒྱ་ནག་ལ་མཚོན་ན་སྐད་ཆ་འདི་གསར་བ་མ་རེད་ལ་ཉན་མཁན་གྱི་རྣ་བ་ཡང་གསར་བ་མ་རེད། ཡིན་ཙང་འདི་ནི་རྒྱ་ནག་གི་རིན་ཐང་ཅན་གྱི་དངོས་རྫས་ཕྱི་རྒྱལ་ལ་ཚོང་འབྲེལ་བྱེད་སྤྱད་ཅིག་རྩ་བ་ནས་མིན། བོད་ལ་མཚོན་ན་ཚིགས་འདི་ནི་བཱཻཌཱུརྱའི་བུམ་པ་ཡུལ་ཕྱོགས་དང་ས་ཕྱོགས་གཞན་ནས་ཉོ་མི་ཐུབ་པའི་རིན་ཐང་དང་ལྡན་པ་ཞིག་ཡིན། རྒྱ་ནག་ཝ་མོ་ཉལ་བའི་ཁ་ལ་བོད་མིའི་བཱཻཌཱུརྱའི་བུམ་པ་དང་མཚུངས་བའི་སྐད་ཆ་འདི་རྩ་སྐྱ་བཞིན་སྒེར་འདོད་ཀྱི་རླུང་གིས་ཁུར་ནས་སྤྲད་ཚར་བ་རེད། དེས་ན་ཨོ་པདྨས་སྐད་ཆ་འདི་མ་བཤད་རང་བཤད་ཅིག་ཆགས་ཡོད་པ་དེ་ཡང་བོད་མི་རང་གིས་མ་འཇོན་པས་རེད་མ་གཏོགས་ཁོང་ལ་འབྲེལ་བ་ཡོད་པ་ཞིག་མ་རེད། དབུ་མའི་ལམ་གྱི་མངོན་འདོད་ནི་བག་འཁུམ་རྒྱུད་ལུག་ངང་རྒྱ་ནག་གཞུང་ལ་མགོ་འབུལ་ལུས་འབུལ་གྱིས་རེ་ཞུས་ཙམ་མ་གཏོགས་བོད་དོན་ལས་འགུལ་ཐད་དྲང་བདེན་གྱིས་ཆབ་སྲིད་འཐབ་རྩོད་ཀྱི་ངོ་བོ་མེད་ཅིང་ལོ་རྒྱུས་རྒྱབ་ལྗོངས་ལ་རྡོལ་རོལ་བྱས་པའི་བློས་གཏོང་ཅན་གྱི་སྒེར་གཅོད་རིང་ལུགས་ཀྱི་རྩ་ཁྲིམས་དེས་ང་ཚོར་ཕམ་ཁ་མ་གཏོགས་ཁེ་བཟང་ཏིལ་འབྲུ་ཙམ་ཡང་མེད་པའི་ལམ་འཁྱོག་ཅིག་ལ་ཁྲིད་ཚུན་ནས་བཟུང་། རྒྱལ་པོ་གཉའ་ཁྲི་བཙད་པོ་ནས་བརྒྱུད་པའི་བོད་ཀྱི་རྒྱལ་བློན་རིམ་བྱོན་གྱི་རྒྱལ་རབས་ལོ་རྒྱུས་དག་ནག་བསུབ་ཏུ་བཏང་ཞིང་། ༧གོང་ས་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ནས་བོད་ཆོས་སྲིད་གཉིས་ལྡན་གྱི་སྒོ་ནས་བསྐྱངས་བའི་རང་གཞུང་ཉི་ཟླའི་དཀྱིལ་འཁོར་ལྟ་བུ་དེ་གཞི་མེད་དུ་གཏོར་བཅོམ་བྱས་ཤིང་སྒོ་མོ་དམ་པོར་བརྒྱབ། བཙན་བྱོལ་ལ་མ་ཕེབས་སྔོན་ནས་ཀ་ལིམ་པུར་ལ་སྐྱེལ་འདྲེན་བྱས་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་གསེར་དངུལ་དང་ནང་ནོམ་རྩ་ཆེན་དེ་ཚོ་སྐུ་སྒེར་ཡིག་ཚང་ཞེས་པའི་སྒེར་བདག་སྒེར་གཅོད་ཁྱིམ་ཚང་གིས་བདག་པོ་བརྒྱབ། བོད་རིགས་མི་གྲངས་ས་ཡ་དྲུག་ལྷག་ལས་གྲུབ་པའི་རྒྱལ་ཁབ་དེ་རྒྱ་མི་རིགས་དང་ཁ་འབྲལ་ཐབས་མེད་པའི་དབུ་མའི་ལམ་གྱིས་རྩ་ཁྲིམས་གཞིར་བཟུང་བྱས་ཐོག་རྒྱ་དམར་སྲིད་གཞུང་གི་འོག་ཏུ་རྒྱ་མི་རིགས་དང་འདུན་ལམ་མཉམ་གནས་ངང་སྐྱིད་ན་རྟ་ཕོ་མཉམ་རྒྱུག་དང་སྡུག་ན་མཆི་མ་མཉམ་གཏོང་ཡིན་ཟེར་ནས་འཛམ་གླིང་གོ་ལ་ཧྲིལ་བོར་མགོ་འཐོམ་འཐོམ་བྱས། བོད་རང་དབང་རང་བཙན་ཤོར་ནས་ད་བར་དུ་རང་བཙན་གཙང་མའི་འཐབ་རྩོད་འོག་སྐུ་སྲོག་ཤོར་བ་སྤྱི་དང་ལྷག་པར་དུ་དེང་གི་ཆར་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་བོད་རྒྱལ་ཁབ་དང་མི་རིགས་བསྟན་དོན་ཆེད་སྐུ་ལུས་མེར་བསྲེགས་བཏང་ནས་འཐབ་རྩོད་བྱེད་བཞིན་པ་འདི་རྣམས་ལ་གྲུབ་འབྲས་མ་འབྱུང་བའི་རྒྱུ་གཙོ་བོ་དེ་ཡང་། ང་ཚོའི་དབུ་ལམ་སྒྲིག་འཛུགས་ཚོགས་པའི་མི་སྨྲ་བའི་བརྟུལ་ཞུགས་ཀྱི་དམ་བཅའ་བརྟན་པོས་ངང་འབར་བཞིན་པའི་སྤུན་ཟླའི་ཚིག་རོའི་ཕུང་པོ་བརྒྱ་དང་བརྒྱད་ལ་ལོངས་བའི་ཕྲེང་བ་ཞིག་འདོགས་ཀྱིན་འཛམ་གླིང་གོ་ལའི་ལྒང་ལ་རྒྱ་གཞུང་གིས་བོད་ནང་གི་བོད་མི་ཚོ་ལ་སོ་སོའི་རྩ་ཆེ་བའི་རྩ་བའི་བླ་མ་བོད་ནང་ལ་ཕེབས་མ་བཅུག་པས་སྡུག་བསྔལ་ཙམ་ཞིག་ཡིན་ཟེར་བ་ལས་འཐབ་རྩོད་གཞན་མེད་མདོག་དང་། དབུ་ལམ་ནས་རྒྱ་བོད་གཉིས་ཁ་བྲལ་ལྟ་བ་འཛིན་གྱི་མེད་རབས་དང་རྒྱ་གཞུང་ལ་རྡ་གཞུང་ནས་ལྷག་བསམ་རྣམ་དག་གིས་ཡག་པོ་བྱས་རུང་རྒྱ་མིས་ང་ཚོ་ལ་དྲིན་ལན་ལོག་འཇལ་བྱེད་ཀྱི་འདུག་ཟེར་བ་མ་ཟད་ད་དུང་མི་དགོས་བཞིན་དུ་དྲག་ནོན་བྱེད་ཀྱི་འདུག་སོགས་ཟེར་ནས་མགོ་རྔ་ཆ་མི་མཚུངས་བའི་སྐད་ཆ་དེས་གྲུབ་འབྲས་ཤིག་རྩ་བ་ནས་ཐོན་གྱི་མ་རེད་ཅེས་ངས་ཁ་ཚོད་བཅད་ནས་བཤད་ཕོད། དེ་ནི་དབུ་མའི་ལམ་གྱིས་རྒྱལ་སྤྱིའི་སྒང་གི་མི་དམངས་དང་བཙན་བྱོལ་ནང་ན་ཡོད་པའི་བོད་རིགས་མི་དམངས་ཡོངས་རྫོགས་མགོ་རྙོག་ནང་ལ་ལྷུང་བཅུག་པས་མི་ཚད་པར་བོད་ནང་ལོགས་ན་ཡོད་པའི་བོད་རིགས་མི་དམངས་རྣམས་ལ་ཡང་ཐག་གཅོད་མི་ཤེས་པའི་གནས་སྟངས་ཤིག་གི་འོག་ལ་ལྷུང་བཅུག་ནས། ཐ་ན་རྒྱལ་གཅེས་དཔའ་བོ་དཔའ་མོ་སྐུ་ལུས་མེར་མཆོད་འབུལ་མཁན་ཚོས་ཀྱང་འབོད་ཚིགས་ནི་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས་ཟེར་བ་ཙམ་ལས་ཚིགས་གཞན་དག་ཉུང་ཙམ་ལས་འདོན་མི་ཐུབ་པ་ལ་དཔྱོད་དང་། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་ནས་མེར་བསྲེགས་བཏང་འདུག་ཟེར་ན་ནི་ད་ལྟ་རྒྱ་དམར་འོག་ཏུ་གནས་བཞིན་པ་ལ་སྐུ་ལུས་མེར་བསྲེགས་ནས་རྒྱ་དམར་འོག་འདུག་ཡ་ལ་རྒྱབ་སྐྱོར་བྱེད་དགོས་དོན་མི་འདུག །གལ་ཏེ་སྐད་ཡིག་ལ་དམ་དྲག་བྱས་རྐྱེན་ལས་འགུལ་འདི་སྤེལ་དགོས་ཐུག་པ་རེད་ཟེར་ན་ནི་མགོ་འཁོར་བ་ཡིན་དེ། དབུ་ལམ་གྱིས་སློང་བཞིན་པ་ནི་ཁ་འབྲལ་ཐབས་མེད་པའི་རྒྱ་མི་རིགས་དང་མཉམ་སྡོད་ཀྱི་ཐོབ་ཐང་ཙམ་ཞིག་རེད། དེས་ན་རྒྱ་ནག་རྒྱལ་ཁབ་ཆེན་པོའི་མི་རིགས་ཡོངས་རྫོགས་ལ་སྐད་ཡིག་གཅིག་གྱུར་གྱིས་སྲིད་ཇུས་འདི་སྔོན་མ་ནས་སྤེལ་བཞིན་པ་རེད་ལ། དཔེར་ན་ཧོང་ཀོང་ལྟ་བུ་ལ་མཚོན་ན་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་ཁ་གཡང་སྙན་མོ་ཞིག་བསྒྲགས་རུང་དེང་སང་སྐད་ཡིག་གཅིག་གྱུར་གྱིས་ལས་འགུལ་སྤེལ་བས་མི་ཚད་པར་གཞུང་གི་ལས་བྱེད་ཡང་བརྗེ་བསྒྱུར་བྱེད་བཞིན་འདིས་རྟགས་གསལ་བོར་བསྟན་ཡོད་པས་ངེས་སོ། སྐད་ཡིག་གཅིག་གྱུར་ནི་མི་རིགས་ལ་བཅིངས་བའི་བརྩེ་དུང་དང་རྗེས་ལུས་ཀྱི་རྣམ་པ་བསྒྱུར་བའི་ཚ་རླབས་རང་བཞིན་ཅན་གྱི་མི་རིགས་སྔོན་ཐོན་གྱི་ཆ་རྐྱེན་དང་པོ་དེ་ཡིན་ཞེས་དམར་གཞུང་གིས་དྲིལ་བསྒྲགས་ཕྱི་ནང་ཀུན་ལ་བྱེད་ཀྱིན་ཡོད། དེས་ན་དབུས་དམར་གཞུང་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ལ་བདག་སྲུང་བྱེད་དགོས་ཟེར་བ་དེ་ཡང་དོན་གྱིས་གྲངས་ཉུང་མི་རིགས་ཀྱི་ངོ་བོ་དེང་རབས་ཅན་དུ་བསྒྱུར་དགོས་ཟེར་བ་དེ་ཡིན་ཞེས་སྔོན་མ་ཀྲོའུ་རོང་ཅེན་གྱིས་གཏམ་བཤད་ཅིག་ནང་སླེབས་པ་དེ་ལྟ་བུ་རེད། གལ་ཏེ་དྲང་བདེན་ངང་གནས་ལུགས་དང་རྒྱུ་མཚན་ངེས་ཅན་ཡོད་པས་ཐོག་ནས་འཐབ་རྩོད་ཕུགས་འདུན་དང་ལྡན་པ་ཞིག་བྱས་ན་ནི་སྔོན་མ་སྤྱི་ལོ་༡༩༥༢ལོའི་ཟླ་༢པའི་ཚེས་༢༡ཉིན་པ་ཀི་སི་ཐན་གཞུང་ཕྱོགས་ཀྱིས་༼ཟ་ཧོར་༽སྐད་བྷང་ག་ལའི་སྐད་ཡིག་སྲུང་སྐྱོབ་བཀག་འགོག་བྱས་པ་ལ་སློབ་ཕྲུག་དང་མི་མང་ཚོས་སྐད་ཡིག་སྲུང་སྐྱོབ་ཀྱི་བྱ་འགུལ་སྤེལ་ནས་དེང་སང་གི་བྷང་ལཱ་ལྡེ་ཤཱའི་རྒྱལ་ས་རྡ་ཁ་ཞེས་པ་རུ་ཉེན་རྟོགས་པས་མི་མང་འཛིན་བཟུང་བཀག་གཉེར་བྱེད་སྐབས་ཉེན་རྟོགས་ཕྱོགས་དང་འགལ་བ་བྱུང་ནས་སློབ་ཕྲུག་ལྔ་རྐྱེན་ལམ་ལ་སོང་རྐྱེན་གྱིས། རྒྱལ་སྤྱིའི་མི་དམངས་ཡོངས་ཀྱིས་ཁོ་ཚོ་ལ་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་སྐད་ཡིག་གི་ཆེད་དུ་ཚེ་སྲོག་བཏང་བའི་སྐད་ཡིག་གི་དཔའ་བོ་ཞེས་འབོད་ཅིང་། སྤྱི་ལོ་༡༩༩༩ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་ཚན་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐེངས་༣༠པའི་སྟེང་ལོ་རེའི་ཟླ་གཉིས་པའི་ཚེས་༢༡ཉིན་འཛམ་གླིང་ཕ་སྐད་ཉིན་མོར་གཏན་ལ་དབབ་ཅིང་སྤྱི་ལོ༢༠༠༠ལོར་དངོས་སུ་ལག་བསྟར་བཏབ་པ་ལ་གཟིགས་དང་། འཐབ་རྩོད་གང་བྱེད་པ་ཡིན་ནའང་དེ་ལ་འཐབ་རྩོད་རང་བཞིན་ཅན་གྱི་ངོ་བོ་དང་བྱ་བ་ལག་བརྡར་ཐུབ་པའི་སྒྲིག་ལམ་དེ་བཞིན་མ་འོངས་མངོན་འདུན་ཡོད་པའི་ཕུགས་བསམ་སོགས་ཏན་ཏན་དགོས་ཀྱི་རེད། དེ་མིན་ང་ཚོའི་ད་ལྟའི་བར་དུ་མི་གྲངས་བརྒྱ་ལྷག་ཅིག་མེར་བསྲེགས་བཏང་བ་རྣམས་ལ་རྒྱལ་སྤྱི་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་གཟིགས་སྐྱོང་མི་འདུག་རབས་དང་བོད་མི་ལ་འཛམ་གླིང་ལྒང་འདིར་རིན་ཐང་མེད་པ་རེད་དམ་སོགས་སྡུག་སྐད་དང་འཁང་ར་མང་པོ་ཞིག་བཤད་ཀྱིན་ཡོད་ཀྱང་དེ་ནི་ང་རང་ཚོས་ནོར་འཁྲུལ་ཤོར་བ་དང་མ་འཇོན་པ་རྐྱང་བྱས་པས་ཡིན་ཀྱི་མ་གཏོགས་རྒྱལ་སྤྱི་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ལ་ཁག་འཁུར་དང་ནག་ཉེས་གང་ཡང་གཡོག་ས་ཡོད་མ་རེད། གལ་ཏེ་དྲང་བདེན་གྱིས་ལམ་ཁ་ནས་བོད་རང་དབང་རང་བཙན་གཙང་མའི་ལྟ་གྲུབ་འདི་གཞིར་བཞག་ཐོག །འཛམ་གླིང་གོ་ལ་ཧྲིལ་བོའི་ཁྱོན་འདིར་མི་རིགས་ཡོད་དོ་ཅག་སྤྱི་མཐུན་ལ་དབང་བའི་རང་དབང་། རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་ཅིག་ལོ་རྒྱུས་ཀྱི་རྒྱབ་ལྗོངས་པོ་ཏི་ལྟར་བརྩེགས་ཤིང་འཐབ་རྩོད་ཀྱི་ངོ་བོ་རི་རྒྱལ་བཞིན་བརྟན་བརླིང་ངང་དྲང་བདེན་གྱི་མཚོན་ཆ་རྣོ་ངར་དང་ལྡན་པ་ཞིག་བཟུང་ཏེ་བོད་ཕྱི་ནང་གཉིས་ཀ་ནས་བསམ་བློ་རྩེ་གཅིག་དང་དམིགས་འདུན་མཉམ་གནས་རྡོག་རྩ་གཅིག་བསྒྲིལ་ངང་རང་ལུས་མེར་སྲེགས་ཀྱིས་ལས་འགུལ་འདི་སྤེལ་ཡོད་ན། བོད་རིགས་དཔའ་བོ་དང་དཔའ་མོ་བརྒྱ་ཡི་གྲངས་ཀ་ལ་སྒུག་མི་དགོས་པར་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ལྒང་ནས་ཏན་ཏན་དྲང་བདེན་ལ་ཁ་མ་གྲགས་རང་གྲགས་ཤིག་ཆགས་ཡོད་པ་ནི་ཕུར་བལྟས་ཚུར་མཐོང་རེད། དེ་མིན་བོད་པ་རང་གི་བོད་པའི་གནས་སྟངས་འཐབ་རྩོད་འདི་ཅི་ཡིན་འདི་ཡིན་ཧ་མི་གོ་བ་ཞིག་ལ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ལྒང་ནས་ཁ་གསལ་དོན་གསལ་མེད་པའི་མུན་ནག་ནང་གི་མདའ་འཕེན་ལྟ་བུའི་གནས་ཚུལ་འདི་ལ་དེ་ཡིན་དང་འདི་ཡིན་གྱིས་སྐད་ཆ་ཞིག་དངོས་གནས་བཤད་མ་ཤེས་པ་ཞིག་ཏུ་འཁུམ། དེ་མིན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་མི་བུ་རེ་ཟུང་གིས་མེར་སྲེག་ཐད་གཏམ་བརྗོད་དང་དྲིས་ལན་རེ་སྤེལ་ནའང་ང་རང་ཚོའི་ངོས་ནས་ལན་འདེབས་པ་ནི་འདི་ལྟར་༼མི་སྨྲ་པ་ནི་གཏམ་གྱི་མཆོག༽ཟེར་བའི་ལན་རྡོག་རྡོག་ཅིག་མ་གཏོགས་གནད་དོན་དང་གནས་ཚུལ་གསལ་ཁ་ཅན་གང་ཡང་བཤད་མེད་པར། མདོར་ན་མེར་སྲེག་འབྱུང་གཞི་ནི་དྲག་གནོད་སྲིད་ཇུས་ལ་ཐུག་ཡོད་ཟེར། དམར་པོའི་དབང་བསྒྱུར་འོག་ཏུ་གནས་དགོས་ན་དྲག་གནོད་སྲིད་ཇུས་ནི་དམར་པོའི་རྩ་ཁྲིམས་ལག་ལེན་གཙོ་བོ་དེ་ཡིན་དུས་དེ་ལ་དམངས་གཙོའི་རྒྱལ་ཁབ་ཚོས་གོ་སྐབས་ནམ་བྱུང་ལ་དམ་འཛིན་བྱས་ནས་སྐྱོན་བརྗོད་དང་ཟུར་ཟ་བྱེད་ཀྱི་ཡོད་པ་ལས་སུས་ཀྱང་མ་ཤེས་པ་ཞིག་ང་ཚོས་འགྲེལ་བཤད་བྱས་ནས་གསལ་སྟོན་ཡོང་བ་ཞིག་ལྷག་ཡོད་པ་མ་རེད། ད་དུང་མུ་མཐུད་དུ་ང་ཚོའི་བོད་མི་རང་གིས་འཐབ་རྩོད་ཀྱི་ངོ་བོ་ལ་འགྱུར་བ་ཞིག་མ་སོང་ཚུན་མེར་སྲེག་དང་ཆུར་མཆོང་དེ་མིན་རང་མེད་བྱེད་ཐབས་སྣ་དགུ་སྤྱད་ནས་ཤི་ལྕེབས་རོ་ལྕེབས་བྱས་རུང་འཛམ་བུ་གླིང་གི་མི་རྣམས་ཧ་ལས་ནས་བོད་མིའི་བྱེད་སྟངས་མགོ་རྙོག་ཅན་དེར་བལྟས་ནས་སྡོད་པ་ལས་གཞན་བྱ་ཐབས་མི་རྙེད་ཁོ་ཐག་རེད།
