༄། ཆུ་ལེན་བུ་མོ།།

༄།
ནེའུ་གསིང་གཡུ་ཡི་འདབ་མ་བཞད་པའི་རྩ་ཐང་མུ་མེད་འཇམ་མཉེན་ཡངས་པོའི་ཁོར་ཡུག་ན།།
ལྷིང་འཇགས་རི་ཀླུང་ཞི་བདེའི་དར་ལྕོག་བསིལ་རླུང་དལ་མོས་རྩི་ཤིང་ཡལ་གར་བསྐྱོད་པའི་ཁྲོད།།
མཐིང་སྨུག་སྦྲ་ཁྱིམ་གྲུ་བཞིའི་རྒྱལ་མཚན་ཀ་རྒྱུག་འགས་བཏེགས་ཆོན་ཐག་མང་པོས་ཕྱོགས་བཞིར་འཐེན།།
ཨེ་མ་མ་ཡུམ་རྩ་ཐང་འབྲོག་མིའི་དཔལ་འབྱོར་ལོངས་སྤྱོད་ཆུ་ལེན་བུ་མོའི་པང་ན་གཉིད།།

དཀར་དམར་འདྲེས་མའི་ཞལ་རས་གཉོམ་པོར་ཞག་ཚི་སྣུམ་པོའི་རི་མོའི་པ་ཏྲ་མངོན་པར་བཀྲ །།
མཉེན་ལྕུག་འཁྲིལ་ལྡེམ་ལང་ཚོའི་མེ་ཏོག་དབྱར་གསུམ་རང་བྱུང་མྱུ་གུའི་སྤུན་ལ་ལྷག་པར་འགྲན།།
གཞོན་ཤ་རྒྱས་པའི་འཇམ་མཉེན་རེག་བྱས་འབྲོང་ཕྲུག་དར་མའི་ཡིད་དབང་སྐད་ཅིག་ཉིད་ལ་འཕྲོག །།
ཨེ་མ་མ་གཅིག་སྲིད་ཞིའི་མཛེས་སྡུག་མཛེས་པ་ཀུན་བསྡུས་ཆུ་ལེན་བུ་མོའི་རུམ་ན་ཉལ།།