གྲྭ་དཀོན་མཆོག་བཟོད་པ་མནར་གཅོད་གཏོང་གི་ཡོད་འདུག
གསལ་དུ་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཁམས་ནགས་ཤོད་འབྲི་རུ་རྫོང་ཆགས་རི་དགོན་གྱི་གྲྭ་དཀོན་མཆོག་བཟོད་པ་ནི་རྒྱ་གཞུང་གིས་༢༠༡༢ ལོའི་ཟླ་༡༡ ནང་འཇུ་བཟུང་བཙན་ཁྲིད་བྱས་པ་དང་། ད་ལྟའི་ཆར་བཙན་ཁང་དུ་མནར་གཅོད་སྣ་ཚོགས་གཏོང་བཞིན་ཡོད་འདུག
དེ་ཡང་ཡེ་ཤེས་བསྟན་འཛིན་གྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཁམས་ནགས་ཤོད་འབྲི་རུ་རྫོང་ཆགས་རི་དགོན་གྱི་གྲྭ་དཀོན་མཆོག་བཟོད་པ་འམ་སྐྱ་མིང་ལ་བཀྲ་ཤིས་ཉི་མ་འབོད་པ་ཁོང་ནི།འབྲི་རུ་རྫོང་བོམ་ཕན་ཡུལ་ཚོ། ནགས་དག་གྲོང་ཚོ་ནས་ཡིན་ཞིང་། ༢༠༡༢ ལོའི་ཟླ་༡༡ ནང་དུ་འབྲི་རུ་རྫོང་རྩ་ལ་ཡུལ་ཚོའི་མི་ཚང་ཞིག་ཏུ་འདས་མཆོད་སྒྲུབ་སྐབས། གློ་བུར་དུ་ཉེན་རྟོག་པ་བསླེབས་ཏེ་དཀོན་མཆོག་བཟོད་པ་ཟེར་བ་དེ་སྒོར་ཐོན་ཤོག་ཅེས་བོས་འདུག དཀོན་མཆོག་བཟོད་པར་ནག་ཉེས་གང་ཡང་མེད་སྟབས། བློ་སྤོབས་དང་བཅས་ཏེ་སྒོར་ཐོན་དུས། ནག་ཉེས་ཡོད་མེད་ཀྱི་སྐད་ཆ་ཅི་གང་བཤད་ས་མེད་པར་ཉེན་རྟོག་འཇིབ་འཁོར་ནང་བཅུག་ནས་བཙན་གྱིས་ཁྲིད། དེ་ནས་དཀོན་མཆོག་བཟོད་པ་རྩ་ལ་ཡུལ་ཚོ་ནས་ཤར་རེར་འབྲི་རྫོང་བཙོན་ཁང་ལ་བཙན་ཁྲིད་བྱས་པ་མ་ཟད། བཙན་འདྲི་བྱས་ནས་རང་གི་ནག་ཉེས་པ་ངོས་ལེན་བྱ་དགོས་ཟེར་ནས་གཅར་རྡུང་ཚད་མེད་བཏང་ཡོད་འདུག
ཉིན་གསུམ་རེའི་མཚམས་ལ་ཟ་མ་ཐེངས་རེ་ལས་སྤྲད་མེད་ཅིང་། མཚམས་རེར་ལུས་ལ་དུག་ཆུ་གཏོར་ནས་ཚོར་བ་བྲལ་བ་སོགས་བྱས་ཏེ་འདྲི་བརྩད་བྱས་ཡོད་པ་མ་ཟད། ད་དུང་ཟླ་བ་གཅིག་ཙམ་ལ་ནག་བཙོན་རང་ལ་བཅུག་པས་མུན་དུབ་ཀྱི་ངལ་བས་སེམས་རང་བཞིན་དུ་མི་གནས་པར་འགྱུར་ལ་ཉེ་བའི་སྐབས་སུ། ས་གནས་བཙོན་ཁང་ལ་ཁྲིད་དེ་ནག་ཉེས་ངོས་ལེན་མ་བྱས་ན་ལོ་མང་བཙོན་འཇུག་བྱ་རྒྱུ་ཡིན་པར་སྡིགས་སྡིགས་གཏོང་བ་དང་། ལོ་འདིའི་ཟླ་བ་ ༡ པོའི་ནང་ཁྱིམ་མི་ལ་ཁ་པར་གཏོང་དུ་བཅུག་ཡོད་པ་དང་། བཙན་པོ་དབང་ཡོད་ཀྱིས་ཁྱིམ་མི་ལ་སྐད་ཆ་འདི་དག་བཤད་བཅུག་འདུག་པ་སྟེ། ནང་མི་ཁྱེད་ཚོ་སེམས་ཁྲལ་མི་དགོས། ང་སློབ་སྦྱོང་བྱེད་བཞིན་བསྡད་ཡོད། ཟ་མ་ཅི་དགའ་དགའ་བཟའ་རྒྱུ་འདུག ཉལ་ས་ཡང་སྐྱིད་པོ་འདུག སྒོ་རྭ་ཆེན་པོ་གུ་ཡངས་པོ་ཞིག་ནང་རྩེད་མོ་ཡང་ཅི་རྩེད་རྩེད་རེད། མདོར་ན་སོ་སོ་གང་དགའ་བྱེད་རྒྱུ་འདུག་ཅེས་ལབ་ཏུ་བཅུག་པ་དང་། ཁོང་ཚོས་བསླབས་པའི་སྐད་ཆ་ཚིག་གཅིག་བཤད་ནོར་ཤོར་ན་རྡོག་ཐོ་དང་འགྲམ་ལྕག་ཅི་ བདེ་གཞུ་གི་ཡོད་འདུག བཙོན་ཁང་ནང་དུ་ཁོང་གིས་ངོ་ཤེས་པའི་ཉེས་པ་ཅི་ཡིན་འདི་ཡིན་མེད་པའི་བཙོན་པ་ བརྒྱ་ལྷག་ཙམ་ཡོད་པ་དང་། ཁོང་ཚོ་ཕལ་མོ་ཆེ་ཡང་དཀོན་མཆོག་བཟོད་པ་རང་ཉིད་དང་འདྲ་བ་སོ་སོ་རང་ཉིད་ཀྱི་ ཉེས་པ་གང་བྱས་མི་ཤེས་ཟེར་མཁན་ཡིན་པ་རེད། བཙོན་ཁང་ནང་བོད་མི་ཕན་ཚུན་སྐད་ཆ་བཤད་རེས་བྱས་པ་མཐོང་ན་གསང་གཏམ་བཤད་ཀྱི འདུག་ཟེར་ནས་མ་ཉེས་ཁ་གཡོག་དང་གཅར་རྡུང་གཏོང་བ་སོགས་བྱེད་ཀྱི་ཡོད་ལ། ད་ལྟ་ཡང་ཁམས་འབྲི་རུ་རྫོང་ས་གནས་བཙོན་ཁང་ནང་དཀའ་སྡུག་མྱོང་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག །
