དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་རྩེ་ཕུད་གཉིས་ལ་གཟེངས་བསྟོད།
ཟླ་འདིའི་ཕྱི་ཚེས་༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་༩། ༣༠ ཀྱི་སྟེང་། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་ཕ་མའི་ཉིན་མོ་སྲུང་བརྩིའི་མཛད་སྒོ་ཞིག དྷ་ས་གངས་སྐྱིད་དཔེ་སྟོན་སློབ་གྲྭའི་ནང་འཚོགས་ཡོད་པ་དང་། མཛད་སྒོའི་ཐོག་དགེ་རྒན་ཕ་མའི་ཚོགས་ཆུང་གི་ཚོགས་་གཙོ་འཆི་མེད་ཚེ་དབྱངས་ལགས་དང་། ཕྲུ་གུ་ཚོའི་ཕ་མ་བཅས་མཉམ་འཛོམས་བྱས་ཡོད་པ་རེད།
མཛད་སྒོའི་ཐོག་མར་ཚོགས་བཅར་བ་ཚང་མ་སྐུ་བཞེངས་ཐོག་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར། གདུང་སེམས་མཉམ་སྐྱེད་དང་མྱ་ངན་གུས་འདུད་ཆེད་ངག་བཅད་སྐར་མ་གཅིག་བྱས་རྗེས། སློབ་ཕྲུག་ཡོངས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གཏོང་བ་དང་། དེ་ནས་སྐུ་མགྲོན་དང་ཕ་མ་ཚང་མས་རྒྱལ་ཡུམ་ཆེན་མོའི་སྐུ་པར་ལ་མཇར་དར་བསྒྲོན་སོང་།
སློབ་དགེ་འཚམས་ལགས་ནས་ཤེས་རིག་ལས་ཁུངས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་གནང་རྗེས། དཔེ་སྟོན་སློབ་གྲྭའི་སློབ་སྤྱི་བསྟན་འཛིན་རྡོ་རྗེས་གསུང་བཤད་གནང་དོན། དེ་རིང་གི་མཛད་སྒོ་འདིར་ང་ལ་ཚོར་སྣང་དམིགས་བསལ་ཞིག་བྱུང་། དེ་གང་ཡིན་ཟེར་ན། དེ་རིང་འདིར་ཕྲུ་གུ་ཚོའི་ཕ་མ་མང་པོ་ཞིག་འཛོམས་ཡོད་པ་དེས། ང་རང་ཚོའི་ཤེས་ཡོན་སྲིད་ཇུས་ལ་རྒྱབ་སྐྱོར་ཡོད་པ་མཚོན་གྱི་ཡོད་པ་མ་ཟད། ང་ཚོ་འདི་ན་ཡོད་པའི་དགེ་ལས་རྣམས་ཀྱི་སློབ་ཁྲིད་ལ་རྒྱབ་སྐྱོར་ཡོད་པ་མཚོན་གྱི་ཡོད་སྐོར་དང་། དེ་བཞིན་ཕ་མ་རྣམས་ཀྱི་ངོས་ནས་གཞུང་གི་མཐུན་རྐྱེན་གང་གནང་གཅིག་པུ་བསྒུག་མ་སྡད་པར་སློབ་གྲྭར་དགོས་པའི་རང་ནུས་ལ་དཔག་པའི་མཐུན་སྦྱོར་གནང་དགོས་པ་གལ་ཆེན་ཡིན་སྐོར་སོགས་བརྗོད་སོང་།
སྐུ་མགྲོན་གཙོ་བོ་མཆོག་ནས་ཕྱི་ལོ་༢༠༠༡༢ ལོར་བུམ་སྐྱོན་གསུམ་བྲལ་གྱི་སློབ་ཕྲུག་རྩེ་ཕུད་གཉིས་ལ་དབུས་བོད་མའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་གཟེངས་བསྟོད་ཕྱག་ཁྱེར་གནང་སོང་།
སྐུ་མགྲོན་གཙོ་བོ་མཆོག་ནས་དགེ་རྒན་སློབ་ཕྲུག་ཡོངས་དང་། ཕ་མ་ཡོངས་ལ་བླང་དོར་བཀའ་སློབ་ཟབ་རྒྱས་གནང་སོང་ལ། དགེ་རྒན་ཕ་མའི་ཚོགས་ཆུང་གི་ཚོགས་མི་དང་ཤེས་རིག་མདུན་ལམ་ལམ་སྟོན་པ་སྒྲོལ་དཀར་དབང་མོ་ལགས་ཀྱིས་ཕ་མ་དང་དགེ་ལས་ཡོངས་ལ་ཕྲུ་གུ་གསོ་སྐྱོང་གནང་སྟངས་ཐོག་ལ་ལམ་སྟོན་གནང་སོང་།
དེ་རྗེས་སྐུ་མགྲོན་རྣམས་ལ་གསོལ་ཇ་ཞལ་ཏོག་འདེགས་འབུལ་ཞུས་ནས་མཛད་སྒོ་གྲོལ་ཡོད་པ་རེད།
མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ནི་༢༠༠༥ ཟླ་༡༠ ཚེས་༡༠ ཉིན་སྐབས་དེའི་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེས་དབུ་འབྱེད་གནང་སྟེ། སྐབས་དེར་སློབ་ཕྲུག་༦༠ ཙམ་ནས་འགོ་བཙུགས་ཡོད་ནའང། ད་ལྟའི་ཆར་ཁྱོན་བསྡོམས་སློབ་མ་༣༠༠ ལྷག་དང་། དགེ་རྒན་༥༠ ལྷག་ཡོད་པ་རེད་འདུག