བོད་དོན་འཐབ་རྩོད་ནི་རྒྱལ་སྤྱིའི་རང་བཞིན་གྱི་འཐབ་རྩོད་ཡིན།
ཟླ་འདི་ཚེས་༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་བྱས་ཏེ་ལོ་༥༤ འཁོར་བའི་གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་མཛད་གྲོལ་བ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔའི་གོ་སྒྲིག་འོག དྷ་ས་མེག་གྷན་གཙུག་ལག་ཁང་ནས་དྷ་སའི་ཁྲིམས་ཁང་ཉེ་འཁྲིས་ཀྱི་ཐང་ཆེན་བར་མི་མང་གིས་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་པ་རེད།
དེར་མི་མང་ཧ་ཅང་མང་པོ་འདུ་འཛོམས་བྱུང་བ་དང་། ཚོགས་པ་ལྔ་མཉམ་འབྲེལ་གྱིས་གསུམ་དུས་ཉིན་གྱི་བསྒྲགས་གཏམ་སྒྲོགས་སྦྱང་བྱས་པ་དང་། བོད་ནང་རྒྱ་ནག་གིས་མནར་གཅོད་གཏོང་སྟངས་སྐོར་གྱི་འཁྲབ་སྟོན་ཞིག་ཀྱང་བྱས་ཡོད་པ་རེད།
ཚོགས་པ་ལྔས་སྤེལ་བའི་བསྒྲགས་གཏམ་ནང་འཁོད་དོན། ཕྱི་ལོ་༡༩༥༡ ཟླ་༥ཚེས་ ༢༣ ཉིན་རྒྱ་ནག་གཞུང་གིས་སྡིག་སྐུལ་བཙན་ཤེད་ཀྱི་འོག་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པ་ནས། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་སྲིད་དབང་ཆ་གཞི་རྩའི་ས་གནས་གཞུང་ལ་ཡོད་པའི་ཁས་ལེན་བྱས་ཡོད་ཀྱང་། སྤྱི་ལོ་༡༩༥༡ ལོ་ནས་སྤྱི་ལོ་ ༡༩༥༩ ལོ་བར་གྱི་མི་ལོ་བརྒྱད་ཙམ་ལ་རྒྱ་བོད་མཉམ་ལས་བྱེད་པའི་ལག་ལེན་དངོས་ཀྱི་ཐོག་ནས་རྒྱ་གཞུང་གིས་ཁས་བྱས་པའི་མི་རིགས་ས་ཁོངས་རང་སྐྱོང་ཞེས་པ་ནི་བོད་མི་རིགས་རྩ་མེད་བཟོ་བའི་ཐབས་བྱུས་ཤིག་ཡིན་པ་དངོས་ར་འཕྲོད་པར་བརྟེན། བོད་མི་རྣམས་འ་ཆད་འུ་ཐུག་གི་ཐོག་ནས་རང་གི་དབུ་ཁྲིད་དང་རྒྱལ་ཁབ་སྲུང་སྐྱོབ་བྱེད་པའི་འཐབ་རྩོད་ཀྱི་ལམ་བུར་མི་ཞུགས་ཀ་མེད་བྱུང་ཡོད་ལ། བོད་མི་རིགས་ལ་མཚོན་ན་དེ་ནི་རང་ཡུལ་རང་སྐྱོང་གི་གདམས་ག་བྱས་པའི་ཡང་དག་པའི་འགྲོ་ལམ་ཉག་གཅིག་དང་། ལོ་རྒྱུས་ཀྱི་ཉམས་མྱོང་ཐོག་ནས་བལྟས་ན་འདི་ལས་ལྷག་པའི་གདམས་ག་གཞན་མེད་པ་ར་སྤྲོད་བྱུང་ཡོད། དེར་བརྟེན། རྒྱ་དམར་བཙན་རྒྱལ་རིང་ལུགས་དང་མི་སེར་སྤེལ་བའི་རིང་ལུགས་རྩ་མེད་བཟོ་ཆེད་ཀྱི་འཐབ་རྩོད་འདིའི་ནང་བོད་ཀྱི་སེར་སྐྱ་མི་མང་ཙམ་མ་ཟད། དྲང་བདེན་ལ་དགའ་བའི་འཛམ་གླིང་མི་མང་གིས་ཆ་ཤས་ངེས་ཅན་ཞིག་བླངས་ཡོད་སྟབས། དེའི་ཐོག་ནས་བོད་དོན་འཐབ་རྩོད་ནི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་འཐབ་རྩོད་ཅིག་ཡིན་པའང་གསལ་པོར་མཚོན་ཡོད།”ཅེས་ད་ལྟ་ཡང་བོད་མིའི་རང་ལུས་མེར་སྲེག་གི་རྒྱ་རྒོལ་བྱེད་ཀྱི་ཡོད་སྐོར་དང་། གསར་དུ་འཕོ་འགྱུར་བྱུང་བའི་རྒྱ་དམར་གཞུང་གི་འགོ་ཁྲིད་ཚོས། བོད་ནང་ཆེས་མ་མཐའི་མི་གཤིས་དང་མཐུན་པའི་སྲིད་བྱུས་ཤིག་ལག་བསྟར་མ་བྱས་པར། ད་ལྟའི་ཀླ་ཀློའི་བྱ་སྤྱོད་འདི་མུར་རྒྱུན་འཁྱོངས་བྱས་པ་ཡིན་ན། ཁོ་ཚོ་མི་རེ་གཉིས་ཤིག་ལོ་རྒྱུས་ཐོག་གི་ཉེས་ཅན་པ་ཆགས་རྒྱུ་ཙམ་མ་ཡིན་པར། བོད་རྒྱ་མི་རིགས་ཁག་བར་སངས་ཐབས་མེད་པའི་ཤ་འཁོན་གྱི་རྨ་ཁ་བཟོ་རྒྱུ་ངེས་གཏན་ཡིན་”སྐོར་སོགས་འཁོད་འདུག །
གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔ་ནི། བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་ཡིན་པ་རེད།།



