གླིང་ཚ་ཚེ་བརྟན་རྡོ་རྗེས་གོམ་བགྲོད་ཐེངས་གཉིས་པ།
ཟླ་འདིའི་ཚེས་༡༠ ཉིན་དྷ་སར་མི་མང་གིས་རྔམ་སྟོན་ཁྲོམ་སྐོར་སྐབས། གོམ་བགྲོད་བྱེད་མཁན་གླིང་ཚ་ཚེ་བརྟན་རྡོ་རྗེ་དང་ཁོང་གི་ཕ་མ་གཉིས་མང་ཚོགས་ཀྱི་ལས་འགུལ་ནང་མཉམ་ཞུགས་བྱས་པ་དང་། མི་མང་གི་ལས་འགུལ་མཇུལ་བསྒྲིལ་རྗེས་ཁོང་ཚོས་མུ་མཐུད་གོམ་བགྲོད་བྱས་ཡོད་པ་རེད།
གླིང་ཚ་ཚེ་བརྟན་རྡོ་རྗེས་བོད་བར་དུ་གོམ་བགྲོད་བྱེད་འཆར་ཡོད་པ་དང་། ཕ་མ་གཉིས་གཟའ་འཁོར་གཅིག་རིང་ཁོང་དང་མཉམ་དུ་གོམ་བགྲོད་བྱེད་རྒྱུ་ཡིན་པ་རེད།
གླིང་ཚ་ཚེ་བརྟན་རྡོ་རྗེ་དང་ཁོང་གི་ཨ་མ་ལྡོམ་པ་སྐྱིད་སྲིང་མོ་ལྷ་མོ་སྐྱིད་བཅས་ཀྱིས། ༢༠༡༢ ལོའི་གསུམ་བཅུའི་དུས་དྲན་ཉིན་དྷ་ས་ནས་འགོ་འཛུགས་ཀྱིས། བོད་དོན་ཆེད་ཞི་བའི་གོ་བགྲོད་ཀྱིས་ཕ་ཡུལ་བོད་དུ་འགྲོ་འཆར་བྱས་ཏེ་རྒྱ་གར་དང་བལ་ཡུལ་ས་མཚམས་སུ་འབྱོར་སྐབས། བལ་ཡུལ་ཉེན་རྟོག་པས་བཀག་འགོག་གིས་འགྲོ་བཅུག་མེད་པ་མ་ཟད། ཨ་མ་ལྡོམ་པ་སྐྱིད་དང་སྲིང་མོ་ལྷ་མོ་སྐྱིད་གཉིས་ཕྱིར་རྒྱ་གར་དུ་ཡོང་དགོས་བྱུང་བ་དང་། གླིང་ཚ་ཚེ་བརྟན་རྡོ་རྗེས་གསང་སྟབས་ཀྱིས་ས་མཚམས་བརྒལ་ཏེ་བསྐྱོད་སྐབས། བལ་ཡུལ་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་ཟླ་དགུའི་རིང་བཀག་ཉར་བྱས། ཉེ་ཆར་གློད་གྲོལ་ཐོབ་པ་དང་། ཁོང་གིས་མུ་མཐུད་ལས་འགུལ་སྤེལ་རྒྱུ་གསལ་བསྒྲགས་གནང་།
ཁོང་གིས་ལོ་སྔོན་མར་གོམ་བགྲོད་སྐབས་རྒྱ་ནག་གིས་ས་གནས་མི་རིགས་རང་སྐྱོང་གི་ཐོབ་ཐང་སྤྲད་ན་དེའི་འོག་འདུག་འདོད་ཡོད་པའི་རྣམ་འགྱུར་སྟོན་ཆེད་དུ། རྒྱ་མིའི་དར་དམར་ཞིག་འཕྱར་དེ་བསྐྱོད་པར་མི་མང་ཁྲོད་གླེང་སློང་སྣ་ཚོགས་ཤིག་བྱུང་བ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ངོ་རྒོལ་གྱི་གསལ་བསྒྲགས་ཤིག་ཀྱང་སྤེལ་ཡོད་པ་རེད། འདི་ལོར་བོད་མི་ཁག་ཅིག་གིས་ཁོང་ལ་གོམ་བགྲོད་སྐབས་རྒྱ་མིའི་དར་དམར་མ་འཕྱར་རོགས་ཞེས་འབོད་སྐུལ་ཞུས་པ་དང་། དེ་བཞིན་ཁོང་གིས་ཨ་མས་རྒྱ་མིའི་དར་དམར་དེ་མ་འཕྱར་རོགས་ཞེས་འབོད་སྐུལ་ཤུགས་ཆེན་བྱས་པར་བརྟེན། ད་ལོ་རྒྱ་མིའི་དར་དམར་དེ་འཕྱར་མེད་པ་རེད།།