མེ་སོར་ཁུལ་གྱི་བོད་མིས་གསུམ་བཅུའི་དུས་དྲན་སྲུང་བརྩི་བྱས།

ཟླ་འདིའི་ཚེས་༡༠ ཉིན་རྒྱ་གར་ལྷོ་ཕྱོགས་ཀརྣ་ཊ་གའི་མངའ་སྡེ། མེ་སོར་རྫོང་ཁོངས་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་ཁག་གི་གོ་སྒྲིག་འོག མི་མང་འདུ་འཛོམས་དང་། བསྔོ་སྨོན་གསོག་སྒྲུབ་བྱས་ནས་གསུམ་བཅུའི་དུས་དྲན་ཐེངས་ ༥༤ པ་སྲུང་བརྩི་བྱས་ཡོད་པ་རེད།

དེ་ཡང་ཞོགས་པའི་ཚུ་ཚོད་ ༩ པའི་ཐོག་སྦེལ་ཀོབ་བོད་མིའི་གཞིས་ཆགས་ལུགས་ཟུང་བསམ་འགྲུབ་གླིང་དང་། བདེ་སྐྱིད་སླར་གསོ་གཉིས་ཀྱི་མི་མང་རྣམས་གཞིས་སྤྱིའི་རྒྱལ་བའི་ཕོ་བྲང་དུ་འདུ་འཛོམས་ཀྱིས། ཐོག་མར་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་ལ་གསོལ་མཆོད་འཕྲིན་བཅོལ་བྱས་པ་དང་། བོད་གཞུང་ཟློས་གར་ཚོགས་པའི་རམ་འདེགས་འོག་འཕགས་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་བླང་སྟེ་གསུམ་བཅུའི་དུས་དྲན་དངོས་སུ་འགོ་འཛུག་ཞུས་ཡོད་པ་རེད།

གསུམ་བཅུ་དུས་དྲན་གྱི་མཛད་སྒོའི་ཐོག་ས་གནས་འགོ་འཛིན་བྱམས་པ་ཕུན་ཚོགས་དང་། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་རྣམས་གཉིས་ཀྱིས་རིམ་བཞིན་ སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་བྱས་ཡོད་པ་རེད། གཞན་ཡང་རྒྱ་གར་ལྷོ་ཕྱོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་དང་། ཆོས་རིག་བཀའ་ཟུར་ཚེ་རིང་ཕུན་ཚོགས་དང་། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་། སྡེ་ཚན་ཁག་བཅས་ཀྱི་སེར་སྐྱ་མི་མང་བརྒྱ་ཕྲག་མང་པོ་མཉམ་འཛོམས་ཀྱིས་མཆོད་འབུལ་དང་། བསྔོ་སྨོན་གསོག་སྒྲུབ་བྱས་ཡོད་པ་རེད།

དེ་བཞིན་རྒྱ་གར་གྱི་མངའ་སྡེ་པན་ཇབ་དང་། ཏ་མལ་ན་ཏུ། ཡུ་པེ། གེར་ལ། ཀརྣ་ཊ་ཀ་བཅས་ཀྱི་ཤེས་ཡོན་པ་མི་སྣ་ལྔས་བོད་མིའི་འཚེ་མེད་ཞུ་བ་དང་། རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་ཆེད་མེ་སོར་གྲོང་ཁྱེར་ནས་སྦེལ་ཀོབ་བོད་མིའི་གཞིས་ཆགས་བར་ཞི་བའི་གོམ་བགྲོད་བྱས་ཏེ། གསུམ་བཅུའི་དུས་དྲན་ཐོག་མཉམ་ཞུག་བྱས་ཡོད་པ་རེད། དེ་ཡང་གོམ་བགྲོད་སྣེ་ཁྲིད་པ་སུ་ཏེ་ཇཱ་ད་རྗེ་ནས་བོད་དོན་གོམ་བསྒྲོད་བྱེད་དགོས་པའི་རྒྱབ་ལྗོངས་སྐོར་གསར་འགོར་པར་བརྗོད་དོན། ང་ཚོས་མེ་སོར་ནས་སྦེལ་ཀོབ་བར་ཉིན་རེའི་ཆུ་ཚོད་ ༡༤ རིང་ལེ་བར་ ༥༠ ལྷག་རེའི་རྒྱང་ཐག་བར་གོམ་བགྲོད་བྱས་ནས་ཡོང་པ་ཡིན་ལ། ང་ཚོ་ཡོང་བའི་ལམ་བར་ནས་རྒྱ་གར་གནད་ཡོད་མི་སྣ་དང་། ཆོས་བྱེད་མི་སྣ་སོགས་མང་པོར་ཐུགས་སོང་། ང་ཚོས་ཁོང་ཚོར་བོད་མིའི་གནས་བབ་དང་། ལྷག་པར་བོད་ནང་གི་གནས་བབས་སྐོར་ངོ་སྤྲོད་བྱས་པ་ཡིན། ང་ཚོས་ངོ་སྤྲོད་བྱེད་ས་མི་སྣ་ཁོང་ཚོས་ཀྱང་སེམས་ཚོར་ཆེན་པོའི་ཐོག་ནས་དོ་སྣང་སྤྲོད་འདུག་ཀྱི་ཅེས་བརྗོད་སོང་། ཁོས་མུ་མཐུད་དུ་རྗོད་དོན་གོམ་བགྲོད་དེ་ནི་བོད་ནང་རྒྱ་ནག་གཞུང་གིས་དྲང་བདེན་མིན་པ་དང་། གདུག་རྩུབ་ཆེན་པོས་བོད་མིར་དཀའ་ངལ་བཟོ་བཞིན་པ་དང་། བོད་ཀྱི་རང་དབང་དང་། ཐོབ་ཐང་བཅས་རྩིས་མེད་གཏོང་བཞིན་པར་ངོ་རྒོལ་དང་། བོད་ནང་རང་ལུས་མེར་སྲེག་གཏོང་མཁན་ ༡༠༧ བྱུང་ཡོད་པ་བཅས་ཀྱི་གནས་ཚུལ་དྲིལ་བསྒྲགས་སོགས་བོད་པའི་བདེན་དོན་ལ་རྒྱབ་སྐྱོར་ཆེད་ཡིན་ཞེས་བརྗོད་སོང་།

གཞན་ཡང་ཧོན་སུར་རབ་རྒྱས་གླིང་དང་། ཀོ་གྷལ་དོན་ལྡན་གླིང་། སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་ས་གནས་གཞོན་ནུ་ཐུན་མོང་གིས་བྷེང་ལོར་གྲོང་ཁྱེར་དུ་གསུམ་བཅུའི་དྲུན་སྲུང་བརྩི་བྱས་ཏེ་ཟླ་འདིའི་ཚེས་ ༩ ཉིན་བྷེང་ལོར་མི་མང་ཚོགས་ཁང་དུ་ཟས་བཅད་ངོ་རྒོལ་དང་། བོད་ནང་གི་གནས་སྟངས་མཚོན་པའི་གཏན་བརྒྱུད་འཁྲབ་སྟོད་སོགས་བྱས་ཡོད་འདུག་ལ། ཚེས་ ༡༠ ཉིན་སློབ་ཕྲུག་དང་མི་མང་ཆི་སྟོང་ལ་ཉེ་བ་ཞིག་གིས་བྷེང་ལོར་གྲོང་ཁྱེར་ནང་སྐད་འབོད་ཁྲོམ་སྐོར་ཞིག་བྱས་ཡོད་ཅེས་ཀོ་ལེ་གྷལ་དོན་གླིང་ས་གནས་གཞོན་ནུའི་ཚོགས་གཙོ་གཅུང་ལགས་ཀྱིས་བརྗོད་སོང་། གཞན་ཡང་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ རབ་རྒྱས་གླིང་དང་། ཀོ་གྷལ་དོན་ལྡན་གླིང་བཅས་ཀྱི་ས་གནས་སུ་ཡང་གཞུང་འབྲེལ་ཐོག་མི་མང་མཉམ་འཛོམས་ཀྱིས་བཀའ་སྤྱིའི་གསུང་འཕྲིན་སྒྲོགས་སྦྱང་བྱས་པ་དང་། བསྔོ་སྨོན་གསོག་སྒྲུབ་བྱས་ཏེ་གསུམ་བཅུའི་དུས་དྲན་སྲུང་བརྩི་བྱས་ཡོད་པ་རེད།

མེ་སོར་གསར་འགོད་པས།