མོན་གྷོ་རུ་ཁྲོམ་སྐོར་ལས་འགུལ།

ཟླ་འདིའི་ཚེས་༡༠   ཉིན་གྱི་ཕྱི་དྲོ་ཆུ་ཚོད་༥  བའི་ཐོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས་གཉིས་ཀྱིས་ཐུན་མོང་གི་གོ་སྒྲིག་འོག གསུམ་དུས་སྲུང་བརྩི་དང་འབྲེལ་བསྔོ་སྨོན་དང་ཞིི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་དགའ་ལྡན་བླ་སྤྱིའི་འདུ་ཁང་མདུན་ཐང་དུ་སྤེལ་ཡོད་པ་རེད།

ལས་འགུལ་ནང་མོན་གྷོ་ས་གནས་གཞིས་གྲོང་ཁག་དགུའི་ནང་སྡོད་གཞོན་ནུ་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་ཚོགས་མི་གྲངས་ཉིས་བརྒྱ་ལྷག་མཉམ་ཞུགས་བྱས་ཡོད་པ་རེད།   ས་གནས་གཞོན་ལྷན་ཚོགས་གཙོ་པདྨ་ཚེ་རིང་གིས་ལས་འགུལ་ངོ་སྤྲོད་སྐབས།    སྤྱིར་བཏང་ངོ་ཚོ་བོད་ཀྱི་སྣོད་བཅུད་ཡོངས་རྩ་མེད་བཟོ་དང་བཟོ་བཞིན་ཡོད་པ་ང་ཚོ་ཚང་མས་ཤེས་གསལ་རེད།   བོད་ནང་ནས་ད་ལྟའི་བར་དུ་མནར་གཅོད་དང་དཀའ་ངལ་ཁྲི་ཕྲག་ལ་གདོང་ལེན་བྱས་ནས་བོད་མི་རིགས་ཀྱི་སྐད་ཡིག་རིག་གཞུང་དང་རང་དབང་འདྲ་མཉམ་སོགས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློ་གཏོང་གནང་བཞིན་ཡོད་པ་རེད།   ང་ཚོའི་ངོས་ནས་དེ་དང་དོ་མཉམ་པའི་ལས་ཀ་བྱེད་ཐུབ་ཀྱི་ཡོད་མ་རེད་དེ། ང་ཚོ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོའི་ངོས་ནས་གང་ཐུབ་ཅི་ནུས་ཀྱི་བོད་ཀྱི་རྩ་དོན་དང་འབྲེལ་བའི་ལས་ཀ་བྱེད་ཀྱི་ཡོད།  རྩ་བའི་དེ་རིང་གི་གསུམ་དུས་སྲུང་བརྩི་དང་སྟབས་བསྟུན་ནས་ལོ་ལྟར་ཧིབ་ལི་དང་དྷར་ཝལ་སོགས་སུ་བོད་དོན་དྲིལ་བསྒྲགས་སྐད་བོད་གོམ་བགྲོད་སོགས་བྱེད་དུ་འགྲོ་བཞིན་ཡོད་པ་རེད།   ཡིན་ན་ཡང་ད་ལོ་ཆོག་མཆན་རག་མ་སོང་།  དེར་བརྟེན་ཁྲོམ་སྐོར་གོམ་བགྲོད་ཀྱི་ལས་འགུལ་འདི་སྤེལ་བ་ཡིན་”ཞེས་སོགས་གསུངས་སོང་།

དེ་ནས་བོད་བསྟན་སྲིད་ཆེད་དུ་སྐུ་ལུས་མེ་མཆོད་ཕུལ་ཟིན་པའི་རྒྱལ་གཅེས་དཔའ་བོ་ཕོ་མོ་འདས་གསོན་ཡོངས་ཀྱི་ཆེད་དུ་སྨོན་ལམ་གསུང་འདོན་སོགས་ཀྱི་ལས་རིམ་གྲུབ་པ་དང་དགའ་ལྡན་བླ་སྤྱིའི་མདུན་ཐང་ནས་འབྲས་སྤུངས་བླ་སྤྱིའི་མདུན་ཐང་བར་གོམ་བགྲོད་ཀྱི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་སོང་།།
མོན་གྷོ་ནས་གསར་འགོས་པས།

coungress_2013_3_10