ཤར་ཕྱོགས་ཁུག་རྟ་ཡིས་དགྲ་བོ་གུང་ཁྲན་ཏང་གི་དར་ཆ་འཕྱར་འདུག

ཤར་ཕྱོགས་ཁུག་རྟ་ཡིས་དགྲ་བོ་གུང་ཁྲན་ཏང་གི་དར་ཆ་འཕྱར་འདུག

ན་ནིང་ལོར་དྷ་རམ་ས་ལ་ནས་ལྷ་ས་བར་གོམ་བགྲོད་འགྲོ་བའི་གླིང་ཚ་ཚེ་བརྟན་རྡོ་ རྗེ་མ་བུ་གསུམ་དང་ཐོག་དྷ་ས་ནས་ཆིབས་ཐོན་སྐབས་ཚོགས་པ་ཁག་དང་མི་སྒེར་མང་པོས་ མིག་ཆུ་དང་ཁ་བཏགས་ད་དུང་དངུལ་སྒོར་གྱི་ཞལ་འདེབས་ཆར་པ་བབས་སོང་།

Read Moreདེ་ ནས་ཉིན་ཁ་ཤས་ཀྱི་གོམ་བགྲོད་སྐབས་གཞོན་ནུ་དང་བུད་མེད་སོགས་ཚད་ལྡན་གྱི་ཚོགས་ པ་ཁག་དང་བོད་གཞིས་བྱེས་གཉིས་ལ་ལ་ཞེན་ཡོད་པའི་ཚོགས་པ་མང་པོས་སྐྱེལ་མ་དང་ རོགས་རམ་ཚད་མེད་བྱས། དེ་ནས་ལྡི་ལི་སླེབས་མ་སླེབས་མཚམས་དེར་སྐབས་འཚོལ་བ་སྟེ་བོད་གཞུང་གི་བཅའ་ ཁྲིམས་ལ་རྡོག་རྫིས་དང་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་མི་སྣ་དང་། བོད་གཞུང་གི་བཀའ་ཤག་དང་སྐུ་ཞབས་བློ་སེང་གི་སྲིད་གཞུང་ལ་ཁ་གཏད་བྱེད་མཁན་གྱི་ ཚོགས་པ་ཁག་གིས་བསུ་རིང་བསུ་ཐུང་མང་པོ་ཞིག་བྱས་མཐར་རྒྱ་ནག་གུང་ཁྲན་ཏང་གི་དར་ འཕྱར་ནས་གོམ་བགྲོད་དེ་བྱས་བྱུང་། དུས་དེ་ནས་བཟུང་རྒྱབ་ནས་སྐྱེལ་མཁན་དང་མདུན་ནས་བསུ་མཁན་ཡང་ཇེ་ཉུང་དུ་གྱུར་ སོང་། དེ་དག་ནི་ན་ནིང་གི་གནས་ཚུལ་རེད།

ད་ ལོར་གླིང་ཚ་ཕྱིར་དྷ་སར་འབྱོར་སོང་ལ། འོན་ཀྱང་ད་ཐེངས་གོམ་བགྲོད་ནང་དམར་དར་དེ་འཁྱེར་མི་འདུག འོན་ཀྱང་ལྡི་ལི་རུ་མང་ཚོགས་ཀྱི་སྐད་འབོད་དང་ལོགས་སུ་གྱེར་པའི་མི་ཨ་ར་ཅན་ ཞིག་གིས་དམར་དར་འཕྱར་འདུག དེ་ནི་གཞན་སུ་ཡང་མིན་པར་ཤར་ཕྱོགས་ཁུག་རྟ་ཟེར་བ་དེ་རེད། མཚམས་དེར་དོན་ཚན་ཁ་ཤས་ཀྱི་ཐོག་ནས་ངའི་སྐད་ཆའི་དོན་བརྗོད་བཏོན་ཐབས་བྱ་རྒྱུ་ ཡིན།

རྒྱ་དར་འཕྱར་བ་མི་རིགས་པ་བསྟན་པ།

༡༽བོད་ནང་གི་བོད་མི་ཚོས་ཁང་ཐོག་དང་སློབ་གྲྭ་དགོན་སྡེ་སོགས་ཀྱི་སྟེང་དུ་དར་དམར་འཕྱར་བ་ལས་རང་སྲོག་བཏང་བ་ འདེམས་ཀྱི་ཡོད།

༢༽ཤར་ ཁུག་སོགས་ཀྱིས་མཚོན་པའི་གུང་ཁྲན་གྱི་དར་འཕྱར་མཁན་ཚོས་མི་སྒེར་གྱི་ལས་འགུལ་ མི་སྒེར་གྱི་ཐག་གཅོད་འོག་འགྲོ་དགོས་ཞེས་སྒྲོག་ཀྱང་། མི་སྒེར་བས་སྤེལ་བའི་ལས་འགུལ་ཡིན་ཡང་ལས་འགུལ་དེ་བོད་ཀྱི་རྩ་དོན་དང་འབྲེལ་ བའི་ལས་འགུལ་གྱི་ཁ་བྱང་འོག་ཏུ་སྤེལ་བ་ཞིག་ཡིན་ན་ངེས་པར་དུ་བོད་མི་སྤྱི་ཡི་ ཁ་ཕྱོགས་ལ་ལྟོས་དགོས།

༣༽རང་ དབང་མང་གཙོ་རླབས་ཆེན་ཡིན་པའི་སྐོར་སྐད་ངག་མཐོན་པོའི་ཐོག་ནས་སྒྲོག་མཁན་ཤར་ ཁུག་ལ་དོན་དངོས་ཐོག་མང་གཙོ་ལ་ཉམས་ལེན་ཡོད་ན་དམར་དར་འཕྱར་བ་དེ་གཞིས་བྱེས་ བོད་མིའི་མངོན་འདོད་མིན་པར་ཤེས་དགོས།

གཞིས་ སུ་གནས་པའི་བོད་མི་ཚོས་གུང་ཁྲན་ཏང་གི་དམར་དར་ལ་མི་འདོད་པ་ཚེ་སྲོག་གཏོང་ བཞིན་པ་གོང་དུ་བཤད་པ་ལྟར་དང་།བྱེས་སུ་བོད་མི་ཚོས་གུང་ཁྲན་ཏང་གི་དར་ཆ་ལ་མོས་ མཐུན་མེད་པ་ཁྱེད་རང་ཁ་སང་མང་ཚོགས་ཀྱི་ལས་འགུལ་ལས་ལོགས་སུ་དོན་ནས་བོད་མི་སུ་ ཡིས་ཀྱང་མ་མཐོང་བར་གབ་ཡིབ་དང་ཁེར་རྐྱང་ངང་ནས་ལས་འགུལ་སྤེལ་བ་དེས་ར་སྤྲོད་ ཐུབ།

༤༽བོད་ ནང་དུ་རང་སྲེག་མཚོན་པའི་ཛ་དྲག་གི་དྲག་གནོན་བྱེད་བཞིན་པའི་སྐབས་དེར་དམར་དར་ འཕྱར་བ་དེ་རོ་ཐོག་རྟ་རྒྱུག་དང་གཞིས་བྱེས་བོད་མིའི་སེམས་སུ་རྨ་ཐོག་ཚ་བཏབ་པ་ ལྟ་བུའི་ཚོར་བ་ཞིག་བྱུང་ཡོད།

༥༽རང་ དབང་གི་ལུང་པར་ཡོད་པའི་མི་ཁ་གཅིག་གིས་གུང་ཁྲན་གྱིས་བོད་ལ་དྲག་གནོན་གྱི་ སྲིད་ཇུས་ངོ་རྒོལ་དང་དར་དམར་མེ་རུ་བསྲེགས་ཤིང་། ཁ་ཤས་ཀྱིས་ང་ཚོའི་རྒྱལ་ཁབ་མེས་རྒྱལ་ཟེར་ནས་གུང་དར་གནམ་ལ་འཕྱར་བས་འཛམ་གླིང་ གི་མི་ཚོས་དོན་དངོས་ཐོག་བོད་ཀྱི་གནད་དོན་ཟེར་བ་དེ་ཅི་ཡིན་མི་ཤེས་པ་མགོ་ རྨོངས་པའམ། ཡང་ན་བོད་དོན་ཐོག་རྒྱབ་སྐྱོར་བྱ་སྟངས་མ་ཤེས་པ་ཆགས་སྲིད།

༦༽གུང་ ཁྲན་དམར་དར་འཕྱར་བ་དེ་དབུ་མའི་ལམ་ཕྱི་གསལ་ནང་གསལ་དང་ཁ་ཞེ་གཉིས་མེད་ཡིན་པ་ མཚོན་ཐུབ་ན་དབུ་མའི་ལམ་ལས་འགུལ་ཁང་གི་ཁང་ཐོག་ཏུ་དབུ་མའི་ལམ་གྱི་བདེན་དཔང་ གི་སླད་དུ་གུང་དར་མི་འཛུགས་པའི་རྒྱ་མཚན་གང་ཡིན།

༧༽ གུང་དར་འཕྱར་བ་དེ་དབུ་མའི་ལམ་གྱི་དགོངས་དོན་དང་མཐུན་ཞིང་། དབུ་མའི་ལམ་ལ་ཁ་ཞེ་གཉིས་མེད་ཡིན་པ།ད་དུང་རྒྱ་བོད་ཞི་འགྲིག་ལ་ཕན་ཐོགས་ཆེན་ པོ་ཡིན་པའི་གནས་ལུགས་ཡོད་ན། དབུ་མའི་ལམ་གྱི་སྲོལ་གཏོད་མཁན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགའ་ལྡན་ ཕོ་བྲང་བླ་བྲང་ཐོག་གུང་ཁྲན་གྱི་དར་ཆ་དེ་འཛུགས་ངེས། འོན་ཀྱང་ད་བར་དེ་ལྟར་བྱུང་མེད།དེ་ནི་དབུ་མའི་ལམ་གྱི་འཐབ་རྩོད་རྒྱུད་རིམ་ནང་ རྒྱ་དར་འཕྱར་བ་དེ་འཕྲལ་ཡུན་གཉིས་ཀར་ཁེ་ཕན་མེད་པར་གཟིགས་པས་རེད།

༨༽ གུང་ དར་འཕྱར་བ་དེས་མི་རིགས་ས་གནས་རང་སྐྱོང་དགོས་ཟེར་བ་དེ་ཁ་ཞེ་གཉིས་མེད་དང་ཕྱི་ གསལ་ནང་གསལ་ཡིན་པར་མཚོན་ཐུབ་ན་ཟམ་གདོང་རིན་པོ་ཆེས་བོད་གཞུང་གི་སྲིད་འཛིན་ སྐབས་བཀའ་ཤག་ཁང་ཐོག་ཏུ་དར་དམར་མི་འཛུགས་དོན་ཅི་ཡིན་ནམ།

གནས་ཚུལ་ཁ་ཤས་ཀྱི་ཐོག་ནས་ཤར་ཁུག་ངོས་བཟུང་བ།

ཤར་ ཁུག་ཟེར་བའི་མི་དེ་དང་ཐོག་དགེ་ཆོས་ཀྱི་ཡང་སྲིད་ཡིན་རབས་ཟེར་ནས་དྷ་སར་ཡོང་། དེ་ནས་རབ་བྱུང་གི་སྡོམ་སེམས་ཁོག་ཏུ་མི་བཟོད་ནས་དྷ་སའི་་སྲང་ལམ་ཉུལ་བའི་ འཁྱམ་པོ་བ་ཞིག་གི་ལས་དབང་ནང་ལྷུང་། དེ་ནས་གྲོད་ཁོག་གི་དོན་དུ་འཁྲབ་སྟོན་འདྲ་མིན་བྱས་ཤིང་། དེ་ནས་བློ་སེང་གི་སྲིད་གཞུང་ལ་རྟག་ཏུ་ཁ་གཏད་དང་གཞི་མེད་སྐུལ་འདེབས་མང་པོ་ བྱས་པར་བརྟེན་སྐུ་ཞབས་བློ་སེང་གི་ཁོ་པ་ཉིན་གླ་རྒྱུགས་སའི་ལས་ཀ་ནས་གནས་ དབྱུག་བཏང་།

དེ་ ནས་ཁོས་དངོས་མིང་དང་བཏགས་མིང་འདྲ་མིན་སྤྱད་ནས་བློ་སེང་གི་སྲིད་གཞུང་ལ་གཞི་ མེད་སྐུལ་འདེབས་དང་བོད་རང་བཙན་གྱི་འཐབ་རྩོད་རྩ་མེད་དང་། དབུ་མའི་ལམ་གྱི་དགོས་འདུན་གོང་ཐང་གཅོག་མཁན་གྱི་དྲ་འབུ་ཞིག་ཏུ་གྱུར།

སྐབས་ དེར་ཏག་ཏག་དབུ་མའི་ལས་འགུལ་ཚོགས་པ་ཟེར་བ་ཡོངས་གླིང་ཟླ་བ་ཚེ་རིང་ཟེར་བ་དེ་ བོད་གཞུང་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་གནས་ཡུལ་རྒྱལ་ཁབ་ཀྱི་བཅས་ཁྲིམས་དྭང་ ལེན་མ་བྱས་པར་ཡོངས་གླིང་སློབ་གྲྭ་བདག་བཟུང་བྱེད་མཁན་དེ་ཡིས་དབུ་མའི་ལམ་ལས་ འགུལ་ཚོགས་པ་ཟེར་བ་དེའི་ནང་འབོད་འགུགས་བྱས།

དབུ་ མའི་ལམ་ཚོགས་པ་ཟེར་བ་དེར་བཙན་བྱོལ་ནང་མཐོང་དང་ཆ་འཇོག་ཤེས་ཡོན་སོགས་གང་གི་ཆ་ ནས་ཡིད་ཆེས་བློས་འགེབས་བྱ་ས་མེད་པའི་མི་ཞེ་གཅིག་ལས་གྲུབ་པའི་ཚོགས་པ་ཞིག་ ཡིན་སྟབས་ཚོགས་པ་དེ་དང་དེའི་ཚོགས་མི་ཡིན་ཕྱིན་སྤྱི་ཚོགས་དེའི་ཐོག་མཐོང་ཆ་ འཇོག་གང་ཡང་མེད་པ་ཆགས་སྟབས་ཁོ་ཚོགས་པ་དེའི་ལས་གནས་ནས་ཀྱང་གནས་སྟངས་ཁ་ཤས་དང་ ཡང་ན་ཁོ་པའི་ཀུན་སྤྱོད་ཀྱི་མ་མདང་བར་བརྟེན་ཚོགས་པ་དེ་ནས་ཀྱང་ཕྱིར་འབུད་འདུག དེ་ནས་ཁོས་བོད་སྤྱི་དོན་དང་རྩ་དོན་སླད་དུ་མིན་པར་གྲོད་ཁོག་དང་མིང་གྲགས་ཀྱི་ སླད་དུ་རྒྱ་ནག་གུང་ཁྲན་ཏང་གི་དར་དམར་དེ་ལྡི་ལི་ན་འཕྱར་འདུག

ཉེན་ཁ་ཆེན་པོ་ཁ་ཤས།

སྔོན་ མ་ཞིག་ལ་བཙན་བྱོལ་བའི་སྤྱི་ཚོགས་ནང་ཚགས་པར་དང་དུས་དེབ་ཟེར་བ་དེ་ཚོ་ལ་མཐོང་ དང་ཆ་འཇོག་ཡིད་ཆེས་བྱེད་མཁན་ཧ་ཅང་མང་ཤིང་། དེ་དག་ལས་ཀ་གཉེར་མཁན་གྱི་མི་སྣ་དག་ལ་ཡང་དེ་མཚུངས་ཀྱི་རིན་ཐང་ཡོད། དེ་ནས་བཙན་བྱོལ་ནང་ཚགས་དེབ་གཉེར་མཁན་མང་པོ་ཞིག་གིས་ནག་ཚོང་བརྒྱབ་པ་དང་། གསར་འགྱུར་ཞེས་པའི་ཁ་བྱང་འོག་ཏུ་དོན་དངོས་ལ་འཁྱོག་བརྗོད་བྱས་པ་སྟེ་རང་དང་ རང་གི་སྡེར་གཏོགས་ཀྱི་མི་ཚོར་ཕྱོགས་ཞེན་རྐྱང་རྐྱང་སྤེལ་བ་དང་། ཚགས་དེབ་ཀྱི་མིང་ཐོག་བྱུང་བའི་ཞལ་འདེབས་སོགས་ལྐོག་ཟ་བྱས་པར་བརྟེན་དེང་སྐབས་ ཚགས་དེབ་དང་ཚགས་དེབ་གཉེར་མཁན་དེ་ཚོའི་གྲས་དེང་སྤྱི་ཚོགས་ཀྱི་མིག་ནང་ཁྲམ་པ་ ཤ་སྟག་ཏུ་གྱུར།

དེའི་རྐྱེན་པས་བཙན་བྱོལ་ནང་ཚགས་དེབ་ལ་མཐོང་མེད་པ་གྱུར་སོང་། དེ་ནས་དྲ་བའི་རིག་གནས་དར་སོང་། དང་ཐོག་བཙན་བྱོལ་བའི་སྤྱི་ཚོགས་ནང་དྲ་བར་འཛུལ་ཞུགས་བྱེད་མཁན་མང་པོ་བྱུང་ ཞིང་དྲ་བའི་ཐོག་ནས་བོད་ཀྱི་རིག་གནས་དང་ཆབ་སྲིད་གང་གི་ཐོག་ནས་ཡར་རྒྱས་ཀྱི་ཚ་ རླབས་ཆེན་པོ་ཞིག་འཕྱུར་སོང་། འོན་ཀྱང་སྐབས་ཤིག་དྲ་བ་ནང་ཕྱོགས་འཐེན་དང་དཀྲུག་ཤིང་རྐྱང་བྱས་པར་བརྟེན་དེང་ སྐབས་དྲ་ཞུགས་ཀྱི་ཚ་རླབས་ཀྱང་མེད་པར་ཆགས་སོང་། དེའི་རྐྱེན་པས་བོད་ཀྱི་སྐད་ཡིག་དར་སྤེལ་ལའང་དེ་མཚུངས་ཀྱི་གྱོང་གུད་ཆེན་པོ་ ཞིག་ཐེབས་པ་བཤད་ཅི་དགོས།

དེ་ ནས་མི་དེ་ཚོའི་རིགས་དེ་དག་གིས་ཆབ་སྲིད་ཐོག་ལག་པ་འཆང་འགོ་བརྩམས་སོང་། ཞལ་འདེབས་བསྡུས་སོང་ལ། ཞལ་འདེབས་འབོར་ཆེན་རག་སོང་། ད་དུང་དབུ་མའི་ལམ་ཁ་ལ་ཁྱེར་ནས་རིས་བཅད་ལས་ཀ་ཡང་བརྩམས་སོང་། ད་དུང་དབུ་མའི་ལམ་གྱི་གོང་ཐང་གཅོག་ནས་རྒྱ་དམར་པོའི་དར་ཆ་འཕྱར་བའི་ལས་ཀ་བྱས་ སོང་། དེས་ན་མ་འོངས་པར་མི་དེའི་ཚོའི་རྐྱེན་པས་སྤྱི་ཚོགས་ནང་དུ་བོད་དོན་ལས་འགུལ་ དང་། དེ་དག་གི་འགོ་ཁྲིད་ཚོར་མཐོང་དང་ཆ་འཇོག་མེད་མཁན་ཆགས་ནས་དེང་སྐབས་འཕྱར་བཞིན་ པའི་བོད་ཀྱི་ལས་འགུལ་ཁག་མར་ངོའི་ཟླ་བ་བཞིན་ཐུར་ནས་ཐུར་དུ་འགྲིབ་སྲིད།