ཨ་མ་ཁྱེད་བདེ་མོ།

ཉི་ཟླ་འཆར་ནུབ་ཀྱི་ཁྲོད་ནས།།

རེ་འདུན་མཆོག་གསུམ་ལ་བཅོལ་བཞིན།། 

དྲན་གདུང་རུམ་ཁ་རུ་སྒོམ་པའི།། 

ཨ་མ་བདེ་བོ་རང་ཨེ་ཡིན།།

 ཞོགས་པའི་སྐྱ་རེངས་དང་འགྲོགས་ནས།།

འབྲོག་ལས་ཙག་ཙིག་ལ་རོལ་བའི།།

རྒྱང་རིང་དྲིན་ཆེན་གྱི་མ་ལོ།།

སྐུ་གཟུགས་བདེ་ཐང་རང་ཨེ་ཡིན།།

 

མཚན་མོའི་ཟླ་བ་ལ་བཞོན་ནས།།

དཀའ་སྡུག་ཁྱིམ་ལས་ལ་ཐོམ་པའི།།

བྱམས་ལྡན་དྲིན་ཆེན་གྱི་ཨ་མ།།

སྐུ་ཁམས་བདེ་བོར་ངང་ཨེ་ཡོད།།

 

དཔྱིད་ཀྱི་རྒྱལ་མོ་ལ་འགྲོགས་ཤིང་།།

རྩྭ་ཐང་གྱོན་ཆས་སུ་ཀླུབས་པའི།།

འཚོ་བ་འབྲོག་ཐང་ན་བཅོལ་བའི།།

དྲིན་ཆེན་མ་ལོ་ཁྱེད་བདེ་བོ།།

 

 

 

འདུས་བྲལ་ཆོས་ཉིད་ཀྱི་ཀློང་ནས།།

ཡུན་རིང་བུ་ཕྲུག་དང་བྲལ་བའི།།

སྤྱན་ཟུང་མཆི་མ་ཡིས་བརླན་པའི།།

ཨ་མ་དྲིན་ཆེན་ཁྱེད་བདེ་མོ།།

 

གངས་རིའི་འདབ་རོལ་ན་ཆས་པའི།།

ས་མཐར་ཁེར་འགྲོ་བའི་བུ་མོ།།

ཨ་མའི་སྨོན་ལམ་གྱིས་བཅིངས་པས།།

ལུས་ཁམས་བདེ་ཐང་རང་ཡིན་ལགས།།

 

དྲན་གདུང་སེམས་ཁ་ན་ལྕི་ཞིང་།།

ལོག་འདོད་ཞེ་ཁ་ན་རྒོད་པའི།།

བས་མཐའི་འཇིག་རྟེན་དེ་ཉུལ་བའི།།

བུ་མོ་བདེ་བོ་རང་ཡིན་ལགས།།

བུད་མེད་སྒེར་ལངས་ཉིན་མོ་ཐེངས་ང་བཞི་པ་སྲུང་རྩིས་ཞུས་རྗེས།སྒྱུ་མ་ལྷ་མཛེས་ཁང་ཁྱིམ་གྱི་ཡང་ཐོག་ནས་ཤར་མར་སྦྱར་ཁུལ་བྱས།དྲ་གྲོགས་ལྷན་རྒྱས་ཚོས་ལམ་སྟོན་དང་སྐུལ་བ་ཡོད་པ་མཁྱེན།