ཡེ་ཤུའི་བླ་ཆེན་པོབ་ལ་༧གོང་ས་མཆོག་གི་འཚམས་འཕྲིན།

ཡེ་ཤུའི་བླ་མ་ཇཱོར་རྗི་མ་རའོ་བྷེ་གྷོག་ལའོ་མཆོག  ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་ཁྲི་འཛིན་ ༡༧ པར་འདེམས་ཐོན་བྱུང་ཡོད་པ་དང་། ཟླ་འདིའི་ཚེས་༡༣ ཉིན་ཨེ་ཊ་ལིའི་རྒྱལ་ས་རོམ་གྱི་སེ་ཊི་པེ་ཊར་སའི་ཐང་ཆེན་དུ་མི་མང་ཁྲི་ཕྲག་མང་པོ་འཛོམས་ཏེ་ཡེ་ཤུའི་བླ་ཆེན་གསར་པར་དགའ་བསུ་ཞུས་ཡོད་འདུག

བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ལམ་ཕྱི་ཟླ་ ༢ ཚེས་ ༡༡ ཉིན་ཡེ་ཤུ་བླ་ཆེན་པོབ་བྷེ་ནེ་ཌིགཊེ་མཆོག   དགོངས་ཞུའི་གསལ་བསྒྲགས་བྱས་པས་འཛམ་གླིང་ཐོག་ཡོད་པའི་ཡེ་ཤུ་བ་རྣམས་ཧང་སང་ཡོད་འདུག་ལ།  རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གླེང་སློང་དང་ཚོད་དཔག་སྣ་ཚོགས་བྱས་ཡོད་པ་རེད། འདས་པའི་ལོ་རྒྱུས་ནང་ཤུ་བླ་ཆེན་དེ་དག་སྐུ་གྲོངས་རྗེས།  བླ་ཆེན་གསར་པ་བསྐོ་བཞག་བྱེད་པའི་ལམ་སྲོལ་ཡོད་ཀྱང་། སྐུ་འཚོ་བཞུགས་རིང་དགོངས་པ་ཞུས་ཏེ་བླ་ཆེན་གསར་པ་བསྐོ་བཞག་བྱེད་པའི་ལམ་སྲོལ་དེ་མེད་པ་རེད་འདུག

ད་ཐེངས་གསར་དུ་འདེམས་ཐོན་བྱུང་བའི་ཇཱོར་རྗི་མ་རའོ་བྷེ་གྷོག་ལའོ་ནི། ཨར་ཇན་ཊེ་ན་ནས་ཡིན་པ་དང་། ཁོང་ནི་ལོ་ངོ་གཅིག་སྟོང་ལྷག་གི་རྗེས་ལ་ཊིན་ཨ་མི་རི་ཁ་ནས་བླ་ཆེན་པོབ་ཀྱི་མཚན་གནས་བཞེས་མཁན་ཐོག་མ་དེ་ཆགས་ཡོད་པ་རེད།

༸གོང་ས་མཆོག་གིས་ཡི་ཤུའི་བླ་ཆེན་པོབ་གསར་པ་ལ་འཚམས་འདྲི་མཛད་པའི་ནང་འཁོད་དོན། སྐུ་ཉིད་མཆོག་ཡི་ཤུའི་བླ་ཆེན་པོབ་གསར་པར་འོས་འདེམས་བྱུང་བ་ནི་ལོ་རྒྱུས་ རང་བཞིན་ལྡན་པ་ཞིག་ཆགས་ཡོད་པར་བརྟེན། ངོས་ཀྱིས་སྐུ་ཉིད་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། སྤྱིར་ངོས་རང་ཡི་ཤུ་རྣམ་དག་ཆོས་ལུགས་ཀྱི་སྐྱེས་བུ་དམ་པ་མང་པོ་ཞིག་གི་སྐོར་ལ་རྒྱུས་མངའ་དེ་ཙམ་མེད། འོན་ཀྱང་ངོས་ཀྱིས་སྐྱེས་བུ་དམ་པ་སེན་ཊི་ཕ་རན་སི་སི་ St Francis མཆོག་དེ་སྔ་ཨ་སི་སིར་ཆོས་ལུགས་མཐུན་སྒྲིལ་ལྷན་ཚོགས་ཤིག་ཏུ་ཕེབས་པ་ཤེས་ཀྱི་ ཡོད། སྐུ་ཉིད་མཆོག་གིས་བསླབ་ཁྲིམས་སྲུང་སྟངས་དང་སྲོག་ཆགས་ཀུན་ལ་བྱམས་བརྩེའི་ གཟིགས་སྐྱོང་གནང་སྟངས་ཀྱི་སྐུ་ཡོན་དེར་ངོས་རང་ཧ་ཅང་ཡིད་དབང་འཕྲོག་པོ་བྱུང་ བ་མ་ཟད། ད་ཐེངས་སྐུ་ཉིད་མཆོག་བླ་ཆེན་པོབ་ལ་འདེམས་ཐོན་བྱུང་བར་ངོས་རང་སེམས་འགུལ་ཧ་ཅང་ཐེབས་བྱུང། ངོས་རང་དེ་སྔ་ཡི་ཤུའི་བླ་ཆེན་པོབ་གོང་མ་རྣམས་དང་མཇལ་འཕྲད་ཀྱིས་གསུང་མོལ་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་ཚོར་བྱུང། འདས་པའི་ལོ་ངོ་བཞི་བཅུའི་རིང་ངོས་ཀྱིས་ཡི་ཤུའི་ཆོས་གྲོགས་ཕོ་མོ་ཚོ་དང་ལྷན་དོན་ཕན་ལྡན་པའི་བསམ་ཚུལ་བརྗེ་ལེན་བྱ་རྒྱུའི་གོ་སྐབས་བྱུང། ངོས་ཀྱིས་འབྱུང་འགྱུར་སྐུ་ཉིད་མཆོག་དང་གང་མགྱོགས་མཇལ་རྒྱུའི་རེ་བ་ཞུ་བཞིན་ ཡོད། ཅེས་འཁོད་འདུག

དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༤ ཉིན་དགའ་བསུའི་འཚམས་འདྲི་གནང་བའི་ནང་འཁོད་དོན། འཛམ་གླིང་ས་གནས་གང་སར་གནས་པའི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་མཆོག་ལ་ཡི་ཤུའི་བླ་ཆེན་པོབ་ཏུ་འོས་འདེམས་བྱུང་བར་ང་ཚོས་སྙིང་ཐག་པ་ནས་དགའ་བསུ་ཞུ་ རྒྱུ་ཡིན། ཐེངས་འདིར་ལེ་ཊིན་ཨ་མི་རི་ཁ་ནས་བླ་ཆེན་པོབ་ཀྱི་མཚན་གནས་བཞེས་མཁན་སྐུ་ཉིད་ མཆོག་ཐོག་མ་ཡིན་པར་བརྟེན། འདི་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཆགས་ཡོད་ཅེས་མཁོད་འདུག།

སྤྱིར་བླ་ཆེན་ཇཱོར་རྗི་མ་རའོ་བྷེ་གྷོག་ལའོ་ནི། ཡེ་ཤུའི་བླ་ཆེན་དུ་འདེམས་ཐོན་མ་བྱུང་གོང་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དང་། སྒེར་གཅོད་རིང་ལུགས་པར་མངོན་ལྐོག་མེད་པར་ངོ་རྒོལ་ཁ་རྡུང་གཏོང་ཕོད་མཁན་ཞིག་ཀྱང་ཡིན་སྐོར་འདུག