གདན་ས་རྣམ་གྲོལ་གླིང་དུ་ལོ་འཁོར་རྒྱུགས་འབྲས་ཕྱིར་བསྒྲགས་ཀྱི་མཛད་སྒོ།

དེ་རིང་ཕྱི་ལོ་༢༠༡༣་༣་༡༩ ཉིན་གྱི་སྔ་དྲོའི་ཆུ་ཚོད་༨ པའི་སྟེང་གདན་ས་རྣམ་གྲོལ་དུ་སྔ་འགྱུར་མཐོ་སློབ་ཆེན་མོ་དང་མཚོ་རྒྱལ་བཤད་སྒྲུབ་གླིང་གི་བཤད་གྲ་གཉིས་ཀྱི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་ཨང་ཐོབ་ཤོག་ལྷེ་གནང་པའི་མཛད་སྒོ་ཐེངས་༣༥ པ་དེ་རྣམ་གླིང་ཆེས་མཐོའི་འགན་འཛིན་ལྷན་ཚོགས་དབུ་བཞུགས་ཐོག ཆོས་རིག་བཀའ་ཟུར་ཚེ་རིང་ཕུན་ཚོགས་དང་མཁན་སློབ་བདུན་ཅུ་ཡན་མན། དེ་བཞིན་འདུས་ཚོགས་ཉིས་སྟོང་ཙམ་མཉམ་ཞུགས་ཐོག་གནང་སོང་།

 

 

ཐོག་མ་མཐོ་སློབ་ཆེན་མོའི་དྲུང་ཆེ་མཁན་པོ་འགྱུར་མེད་ཡེ་ཤེས་ནས་ལས་རིམ་ངོ་སྤྲོད་གནང་པ་དང་། རྒྱུགས་སྤྲོད་དོ་དམ་པ་མཁན་པོ་བཀྲ་ཤིས་རྣམ་མཆོག་གིས་རྒྱུགས་སྤྲོད་དང་འབྲེལ་བའི་གསལ་བཤད། མཁན་པོ་ཨོ་རྒྱན་དཔལ་ལྡན་མཆོག་གིས་རྒྱུགས་སྤྲོད་པ་ཚོའི་མཚན་ཐོ་སྒྲོག་སྦྱངས་དང་། རྒྱུགས་འབྲས་ཕྱིར་བསྒྲགས་གནང་སོང་། འདི་ལོར་སྔ་འགྱུར་མཐོ་སློབ་ཆེན་མོའི་རྒྱུགས་སྤྲོད་ནང་ཞུགས་མཁན་བསྡོམས་གྲངས་ ༨༠༢ ། དང་། བཙུན་དགོན་ནས་ ༡༦༧ བྱུང་འདུག 
མཐོ་སློབ་ཁང་ནས་རྒྱུགས་འབྲས་སྡེ་ཚན་དང་པོར་ནང་སོན་གྲངས་༣༤༢། སྡེ་ཚན་གཉིས་པ་ ༢༢༧། སྡེ་ཚན་གསུམ་པ་༣༩། སྐྱབས་འཇུག་ཨང་ཅན་ ༩༣། ཨང་ཚད་མ་ལོན་པ་ ༡༠༡། བཅས་༨༠༢ བྱུང་འདུག

བཙུན་དགོན་ནས་རྒྱུགས་འབྲས་སྡེ་ཚན་དང་པོར་སོན་པ་ ༡༠༧། སྡེ་ཚན་གཉིས་པ་ ༢༧། སྡེ་ཚན་གསུམ་པ་ ༦། སྐྱབས་འཇུག་ཨང་ཅན་༡༧། ཨང་ཚད་མ་ལོན་པ་༡༠། བཅས་བསྡོམས་༡༦༧ བྱུང་འདུག

ལས་རིམ་དེ་ཚར་བ་དང་རྣམ་གླ྄ིང་སྤྱི་ཁྱབ་དྲུང་ཆེ་པདྨ་ལགས་ཀྱིས་མཚན་ཐོ་སྒྲོག་རིམ་ལྟར་རྣམ་གླིང་གྲ་ཚང་གི་ཚོགས་གཙོ་དང་། དངུལ་གཉེར། དགེ་སྐོས་ཆེན་མོ་སོགས་ཞབས་ལོ་ཚང་པ་ཁག་གཅིག་བརྗེ་ལེན་གནང་སོང་།

སྐབས་འདིར་བཀའ་ཟུར་ཚེ་རིང་ཕུན་ཚོགས་ལགས་ཀྱིས་ཐོས་བསམ་སྒོམ་གསུམ་ཡག་པོར་བྱས་ཏེ་ང་ཚོ་ཚང་མའང་ད་ལྟའི་རྗེ་འབངས་ཉེར་ལྔ་དང་རྒྱན་དྲུག་མཆོག་བྱེད་དགོས་རབས་སོགས་ཀྱི་བཀའ་སློབ་གནང་པ་དང་།

མཁན་ཆེན་ཚེ་དབང་རྒྱ་མཚོ་མཆོག་གིས་གཞུང་ལུགས་ཁག་ནས་གསུངས་པ་ལྟར་ང་ཚོས་དམ་པའི་ཆོས་འདི་ཚུལ་བཞིན་དུ་ཉམས་ལེན་གནང་དགོས་ཚུལ་སོགས་ཀྱི་བཀའ་སློབ་ཕེབས་སོང་།

དེ་ནས་མཁན་ཆེན་རྣམ་གྲོལ་མཆོག་གིས་ཞིང་གཤེགས་དམ་པ་༧སྐྱབས་རྗེ་རིན་པོ་ཆེ་སྐུ་དངོས་སུ་མ་བཞུགས་ཀྱང་ཁོང་གི་ཐུགས་རྗེ་དང་བྱིན་རླབས་ཀྱིས་ད་ལྟའི་རྣམ་གྲོལ་གླིང་འདི་གྲ་བའི་གྲངས་འབོར་དང་། ཐོས་བསམ་སྒོམ་པའི་བྱ་བ་སོགས་མ་ཉམས་གོང་འཕེལ་ཐོག་དར་ཞིང་རྒྱས་པའི་ངང་གནས་ཡོད་ཚུལ་སོགས་ཀྱི་བཀའ་སློབ་ཕེབས་སོང་།

དེ་ནས་མཁན་ཆེན་པདྨ་ཤེས་རབ་མཆོག་གིས་༧ ཞིང་གཤེགས་༧ སྐྱབས་རྗེ་པད་ནོར་རིན་པོ་ཆེ་གང་གི་ཡང་སྲིད་སྐོར་སྔོན་མ་ནས་༧ སྐྱབས་རྗེ་བྱ་བྲལ་རིན་པོ་ཆེས་ཞལ་བཞེས་གནང་ཟིན་པ་རེད། དམ་པས་ཁས་ལེན་མང་པོ་མི་བྱ་སྟེ། །གལ་སྟེ་དཀའ་བས་ཁས་ཤིག་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ། །ཤི་ཡང་གཞན་དུ་འགྱུར་བ་མི་སྲིད་དོ། །ཞེས་པ་ལྟར་ཡིན་དུས་ཁག་ཅིག་གིས་ཁོང་དགུང་ལོ་བགྲེས་པོར་ཕེབས་ཟིན་པ་རེད་ཅེས་སེམས་ཁུར་བྱེད་ཀྱིན་ཡོད་ན། དེ་ནི་རི་བོང་གནམ་ལྡིབ་ཀྱི་སྡུག་བསྡལ་རང་རེད། ཅེས་དང་། 
ཡང་སོར་བྱང་སྔགས་གསུམ་སྡོམ་པ་གང་ཞིག་རང་རྒྱུད་ལ་ཡོད་ཀྱང་རང་གི་སྲོག་ལྟར་གཅེས་སྲུང་དགོས་ཚུལ། དེ་བཞིན་དེང་སང་དྲ་རྒྱའི་ཐོག་ཏུ་སྐྱོན་བརྗོད་ཡིག་འཁྱམ་མང་པོ་ཞིག་ཡོང་གིན་ཡོད་ས་རེད། དེ་ཚོ་དང་པོ་སོ་སོ་གང་འདྲ་ཡོད་མེད་ལ་བརྟག་དཔྱད་ལེགས་པོར་གནང་དགོས་ཚུལ་སོགས་ཀྱི་བཀའ་སློབ་ཀྱང་ཕེབས་སོང་།

དེ་ནས་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེས་དགོན་འདི་ཐོག་མ་ཕྱག་བཏབ་དུས་ནས་༧ སྐྱབས་རྗེ་རིན་པོ་ཆེས་ཐུགས་བསྐྱེད་རྒྱ་ཆེན་པོ་གནང་ཡོད་པ་ལྟར་གསར་ཞུགས་ཚོ་ནས་བཟུང་རང་རང་སོ་སོས་སེམས་བསྐྱེད་ཡག་པོ་ཞིག་ཁྱེར་ཏེ་སློབ་སྦྱོང་གནང་དགོས་ཚུལ་དང་། འདིར་མི་རིགས་འདྲ་མིན་མང་པོ་ཞིག་ཡོད་རེད། དེ་དག་ཚང་མའང་ནང་ཁུལ་འཆམ་མཐུན་ཐོག་བཞུགས་དགོས་ཚུལ་དང་། 
༧ སྐྱབས་རྗེ་རིན་པོ་ཆེ་ཞིང་ལ་ཕེབས་པ་ནས་ང་ཚོས་ཆེས་མཐོའི་རྒྱུན་ལས་ཀྱི་མིང་ཁྱེར་འདུག་པ་ལས་རྒྱུན་དུ་སྡེ་ཚན་སོ་སོའི་རྒྱུན་ལས་རྣམ་པས་ཕྱག་ལས་ཡག་པོ་གནང་སྟེ་དགོན་པ་འདིའི་རྒྱུད་འཛིན་ཡང་དག་པར་ཐུབ་པར་གནང་ཡོད། དེས་ན་རྣམ་པ་ཚང་མ་ལ་ཐུགས་རྗེ་ཞེས་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་སོང་།

ལོ་ལྟར་དགོན་འདི་ནས་རྒྱལ་ཁབ་ཕྱི་ནང་གི་རིས་མེད་དགོན་སྡེ་ཁག་མང་པོ་ཞིག་ལ་གྲ་བཙུན་གཉིས་ཀྱི་དགེ་རྒན་༢༠༠ ལྷག་གཏོང་མུས་བཞིན་ལོ་འདི་དགེ་རྒན་ཁག་ཀྱང་གཏོང་འཛུགས་གནང་གིན་འདུག ༢༠༡༣-༣-༡༨ཉིན་འཆམ་ར་དྲི་མེད་རྒྱལ་མཚན་གྱིས།