གོ་ས་འདི་ལ་སླེབས་པའི་རྒྱབ་ལྗོངས།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༣༠ ཕྱི་ལོ་ ༢༠༡༣/༣/༢༠
ཉེ་ཆར་རྒྱ་ནག་“རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་༡༢ པའི་གྲོས་ཚོགས་ཐེངས་དང་པོ་”ཟེར་བ་འཚོགས་ཤིང། དམར་ཤོག་གི་དཔོན་རིགས་མཐོ་གྲས་ཁག་ཅིག་གིས་སྔོན་ནས་གཏན་ཁེལ་ཟིན་པའི་མི་སྣ་དག་ཚོགས་ཆེན་འདིའི་སྐབས་འདེམས་བསྐོ་བྱས་པའི་ཚུལ་བསྟན་པ་རེད།
རྒྱ་ནག་གི་འཐུས་མི་ཚོགས་ཆེན་གྱི་ཚོགས་གཞོན་ནང་སྔ་རྗེས་སུ་བོད་རིགས་མི་ལྔ་ཙམ་སླེབས་མྱོང་བ་དང། ཐོག་མ་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང། དེའི་རྗེས་སུ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ། ང་ཕོད་ངག་དབང་འཇིགས་མེད། རག་རྡིས་དང། ཉེ་ཆར་བྱམས་པ་ཕུན་ཚོགས་སླེབས་པ་རེད། མི་འདི་དག་གི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་མི་འདྲ་ལ་རྒྱ་དམར་གཞུང་གིས་བསྐོ་གཞག་བྱེད་པའི་དམིགས་ཡུལ་ཡང་གཅིག་མཚུངས་གཏན་ནས་མིན།
ཐོག་མ་༧གོང་ས་མཆོག་རྒྱ་ནག་“རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་”ཟེར་བའི་ཚོགས་གཞོན་དུ་བསྐོ་གཞག་ཞུ་བའི་སྐབས། ༧བོད་ཀྱི་དབུ་ཁྲིད་ཡིན་པ་ཙམ་དུ་མ་ཟད། སྐབས་དེ་དང་ལོ་རྒྱུས་ཀྱི་ཐོག་ནས་བོད་མི་རིགས་ཀྱི་ནང་དུ་ཤུགས་རྐྱེན་གཞན་སུ་གཅིག་དང་བསྡུར་ཐབས་མེད་སྟབས། བོད་རིགས་མི་མང་གི་སེམས་པ་འགུགས་ཐབས་དང། ཕྱི་ཕྱོགས་ལ་རྣམ་འགྱུར་སྟོན་ཆེད་དུ་བསྐོས་པ་རེད། ༧གོང་ས་མཆོག་བཙན་བྱོལ་དུ་ཆིབས་བསྒྱུར་གནང་དགོས་བྱུང་བ་དང། རྒྱ་གཞུང་གིས་སྲིད་བྱུས་ཅུང་གུ་ཡངས་སུ་བཏང་བའི་རྗེས་སུ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བསྐོས་པ་རེད། འདི་ཡང་བསྐོ་གཞག་བྱེད་པའི་རྒྱབ་ལྗོངས་ཕྱོགས་རེ་ཟུང་ནས་༧གོང་ས་མཆོག་དང་གཅིག་མཚུངས་ལྟ་བུ་ཡིན།
དེ་གཉིས་ལ་མི་འདྲ་ས་ཞིག་ཡོད་པ་ནི། ༧པཎ་ཆེན་རིན་པོ་ཆེ་རྒྱུན་རིང་བཙོན་ཁང་དུ་བཅུག་ནས་རྒྱ་གཞུང་ལ་འཁོན་འཛིན་ཡོད་པ་དང། དེ་ལ་བརྟེན་ནས་སྤྱི་ཚོགས་ནང་ཤུགས་རྐྱེན་ཡང་ཟློག་ཕྱོགས་ནས་འཕྲད་སྲིད་པ་སོགས་ལ་དམིགས་ནས་གུན་གསབ་ལྟ་བུར་གོ་གནས་དེ་ཕུལ་བ་རེད། ང་ཕོད་ནི་དུས་རྒྱུན་རྒྱ་གཞུང་ལ་བསྟུན་མཁས་ཁོ་ན་བྱེད་མཁན་ཞིག་ཡིན་པས། ཉེན་ཁ་གང་ཡང་མ་མཐོང་བར་བསྐོས་པ་དང། རག་རྡིས་ནི་གོ་གནས་དེར་བོད་པ་ཞིག་ཡོད་དགོས་པ་ཙམ་ལ་བརྟེན་ནས་ཡིན། བྱམས་པ་ཕུན་ཚོགས་ཀྱང་དེ་དང་གཅིག་མཚུངས་ཡིན་པ་མ་ཟད། ཁོང་གཉིས་ཀས་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་ཁ་རྡུང་བཏང་བའི་བྱ་དགའ་ལྟ་བུར་གོ་གནས་དེ་སྤྲད་པ་ཡང་ཧ་ཅང་གསལ་པོ་རེད། གཞན་རག་རྡིས་དང་བྱམས་ཕུན་གཉིས་ལ་བོད་པའི་སྤྱི་ཚོགས་ནང་ཤུགས་རྐྱེན་དམིགས་བསལ་མེད་པ་དང། དགའ་ཞེན་བྱེད་མཁན་ནི་དེ་བས་ཀྱང་དཀོན་པོ་རེད།
འོན་ཀྱང་ད་ལྟའི་ཆར་བོད་རིགས་ཡོངས་རྫོགས་རྒྱ་དམར་དྲག་གཞུང་གིས་དབང་བསྒྱུར་བྱས་ཟིན་པས། ཕྱི་ཕྱོགས་ལ་རྣམ་འགྱུར་སྟོན་རྒྱུ་ཙམ་ལས་དོན་དམ་པར་བོད་མི་རིགས་ཀྱི་རེ་བ་དང་འདོད་མོས་ལ་བསམ་ཞིབ་བྱེད་ཀྱི་མེད། རག་རྡིས་ལ་མཚོན་ན་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ཁ་རྡུང་ཤུགས་ཆེ་གཏོང་མཁན་ཞིག་ཡིན་ནའང། ཁོ་རང་གིས་འགན་ཁུར་བའི་སྐབས་སུ་བོད་རང་སྐྱོང་ཟེར་བའི་ནང་དུ་འཐོབ་འོས་པའི་རྒྱ་གཞུང་གི་འགྲོ་གྲོན་རིགས་ལ་རྩོད་ལེན་བྱེད་མཁན་ཞིག་ཡིན་པ་རྒྱུས་ཡོད་ཚོའི་ནང་དུ་ཤོད་མཁན་འདུག་ཀྱང། བྱམས་པ་ཕུན་ཚོགས་ནི་རྒྱ་གཞུང་ལ་སྤྲེལ་ལད་འཁྲབ་རྒྱུ་གཅིག་པུ་ལས། བོད་མི་རིགས་ཀྱི་ཆེད་དུ་འབད་བརྩོན་བྱེད་མཁན་ཞིག་མིན་པ་དེ་ཡང་རྒྱུས་ཡོད་ཚོའི་ཁ་ནས་གསལ་པོ་འདུག མདོར་ན་དེང་སྐབས་རྒྱ་གཞུང་ལ་མཁོ་བ་ནི་བོད་མི་འདི་ལྟ་བུ་དག་ཡིན་པ་ཧ་ཅང་གསལ་པོ་རེད།
སྤྱིར་རྒྱ་ནག་གི་འཐུས་མི་ཚོགས་ཆེན་ཟེར་བའི་ཚོགས་གཞོན་གྱི་མིང་ཡོད་མཁན་མི་གྲངས་བཅུ་གསུམ་ཡོད་པའི་ནང་ནས་ཨང་དགུ་པར་བྱམས་ཕུན་ལྟ་བུ་སླེབས་པ་དེས། བོད་མི་རིགས་ལ་ཕན་ཐོགས་གང་ཡང་མེད་ལ། བྱམས་ཕུན་བདེན་དོན་ལ་ཡིད་ཆེས་དང་གུས་བཀུར་ཡོད་པ། བོད་མི་རིགས་ལ་ཤ་ཞེན་དང་ལ་རྒྱ་ཡོད་མཁན་ཞིག་ཡིན་སྲིད་པའི་དབང་དུ་བཏང་ཡང་ཚོགས་ཆེན་སྐབས་དཔོན་རིགས་མཐོ་གྲས་ཀྱི་སྟེགས་བུ་རུ་སྡོད་པ་ཙམ་ལས་གཞན་པའི་ལས་དོན་བསྒྲུབ་སའི་ཁོར་ཡུག་ཧ་ཅང་དཀོན། དེར་བརྟེན་བྱམས་ཕུན་གོ་གནས་དེར་སླེབས་པར་བོད་མི་རིགས་ཀྱི་ངོས་ནས་རེ་དོགས་གང་ཡང་མེད་པ་ལྟ་བུར་གྱུར་འདུག་ཀྱང། ད་ལན་ཁོས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བླ་ཆེན་༡༠༨ ཀྱིས་“ཏང་གི་ཆོས་ལུགས་སྲིད་ཇུས་ལ་ཐུགས་རྗེ་ཆེ་”ཟེར་བ་ཡིག་ཐོག་ནས་བཙན་གྱིས་འབྲི་བཅུག་ནས་ཞི་ཅིན་ཕིན་ལ་སྤྲད་པ་འདི་ཡང་གོ་མིང་འདི་ལ་དམིགས་པ་ཞིག་ཡིན་སྲིད་པ་རེད།
༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པར་མཚོན་ན་བོད་མི་རིགས་ཀྱི་ཆེད་དུ་རང་ནུས་ཡོད་རྒུ་རྩལ་སྤྲུགས་བྱེད་མཁན་ཞིག་ཡིན་པས། བཙོན་ཁང་དུ་ལོ་བཅུ་མ་ཟིན་ཙམ་བཞུགས་དགོས་བྱུང་བ་དང། མཐའ་མ་རྒྱ་གཞུང་གི་བྱ་སྤྱོད་འོག་ནས་གློ་བུར་དུ་སྐུ་གཤེགས་པ་རེད། ཁོང་ཞལ་བཞུགས་པའི་དུས་སུ་བོད་ཀྱི་ཆོས་དང་རིག་གནས་ཀྱི་ཆེད་དུ་འཛེམས་ཟོན་མེད་པར་རྩོད་ལེན་བྱས་ནས། ད་ལྟ་བོད་ནང་དུ་རིག་གནས་ཀྱི་རྗེས་ཤུལ་བཟང་པོ་དེ་མ་ཉམས་པར་ལྷག་ཡོད་པ་དང། བོད་མི་རིགས་ལ་ལར་ཞེན་ཅན་གྱི་མི་སྣ་གང་མང་ཞིག་ཡོད་པ་དག་ཀྱང་གཙོ་ཆེ་ཤོས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཀྱིས་འབད་བརྩོན་གནང་བ་ལ་བརྟེན་ནས་བྱུང་བ་རེད། དེར་བརྟེན་ད་ལྟ་དང་མ་འོངས་པར་རྒྱ་གཞུང་གིས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ལྟ་བུའི་མི་སྣ་དག་གོ་གནས་འདི་ལྟ་བུར་སླེབས་རྒྱུར་དོགས་ཟོན་བྱེད་ངེས་རེད།།