ཁམས་སྒར་ཚེས་བཅུའི་སྒྲུབ་མཆོད་ཆེན་མོ་ལོ་སུམ་བརྒྱ་འཁོར་བའི་རྗེས་དྲན།

ཁམས་སྒར་ཚེས་བཅུའི་སྒྲུབ་མཆོད་ཆེན་མོ་ལོ་སུམ་བརྒྱ་འཁོར་བའི་རྗེས་དྲན་མཛད་སྒོ དེ་ཡང་འདི་ཟླའི་ཕྱི་ཚེས་ ༢༢ བོད་ཆུ་སྦྲུལ་ལོའི་ཟླ་བ་ ༢ པའི་ཚེས་ ༡༠ སྟེ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་མཚོ་གླིང་པདྨའི་ཟེའུ་འབྲུར་མཚན་དཔེ་གཟུགས་སྐུ་རྫུས་སྐྱེས་སུ་བཞེངས་པའི་དུས་ཆེན་ཉིན་༧རྒྱལ་བ་མདོ་ཁམས་པ་ཆེན་པོའི་བྱེས་ཀྱི་གདན་ས་ཁམས་པ་སྒར་བཀྲ་ཤིས་ལྗོངས་སུ་ཚེས་བཅུའི་སྒྲུབ་མཆོད་ཆེན་མོ་ལོ་ ༣༠༠ འཁོར་བའི་མཛད་སྒོ་འཚོགས་ཡོད་པ་རེད།

དེ་ཡང་མཛད་སྒོའི་ཚོགས་མགོན་དུ་༧རྒྱལ་དབང་ཀརྨ་པ་མཆོག་དང་། རྒྱལ་བ་མདོ་དགུ་པ་ངེས་དོན་བཤད་སྒྲུབ་ཉི་མ་མཆོག གྲུབ་དབང་རྡོ་རྫོང་རིན་པོ་ཆེ། གཞན་ཡང་སྐུ་མགྲོན་དུ་བཀའ་བརྒྱུད་སྤྱི་འཐུས་རྣམ་གཉིས་དང་། ཆོས་རིག་དང་ནང་སྲིད་དྲུང་ཆེ་རྣམ་གཉིས། རྡ་ས་ས་གནས་འགོ་འཛིན། སྦིར་སྡེ་ནང་གཉིས་ཀྱི་ས་གནས་འགོ་འཛིན། གདན་ས་དཔལ་སྤུངས་ཤེས་རབ་གླིང་དང་། འཛི་སྒར་དགོན་པ་བཅས་ཀྱི་སྐུ་ཚབ། དེ་བཞིན་ས་གནས་ཧི་མ་ཅལ་གྱི་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་ཁགབཅས་ཀྱིས་གཙོས་ཁྱོན་མི་གྲངས་སུམ་སྟོང་བརྒལ་བ་འདུ་འཛོམས་བྱས་སོང་། མཛད་སྒོའི་ཐོག་ཁམས་པ་སྒར་གྱི་མཁན་ཆེན་ཆོས་དབྱིངས་ལྷུན་འགྲུབ་མཆོག་ནས་ཚེས་བཅུའི་སྒྲུབ་མཆོད་ཆེན་མོ་ལོ་ ༣༠༠ འཁོར་བའི་ལོ་རྒྱུས་སྒྲོགས་སྦྱང་གནང་བ་དང་། དེ་རྗེས་ཆོས་རིག་དྲུང་ཆེ་དང་ས་གནས་གཞུང་གི་དཔོན་རིགས་བཅས་ཀྱིས་བཀའ་སློབ་སྙིང་བསྡུས་ཀྱི་རྗེས། ༧རྒྱལ་དབང་ཀརྨ་པ་མཆོག་ནས་ཚེས་བཅུའི་སྒྲུབ་མཆོད་དང་འབྲེལ་བའི་བླང་དོར་གྱི་བཀའ་སློབ་ཙིག་ཀྱང་བཀའ་དྲིན་བསྐྱངས་སོང་། ཁམས་སྒར་ཚེས་བཅུའི་སྒྲུབ་མཆོད་ཆེན་མོ་འདི་བཞིན་༧རྒྱལ་བ་མདོ་ཁམས་པ་ཆེན་པོ་སྐུ་ཐོག་གསུམ་པ་འགྲོ་འདུལ་ངག་དབང་ཀུན་དགའ་བསྟན་འཛིན་མཆོག་ལ་གུ་རུ་པདྨ་འབྱུང་གནས་ཀྱི་ཞལ་མངོན་སུམ་དུ་གཟིགས་པའི་རྣམ་པ་ཇི་ལྟ་བ་བཞིན་སྤྲོས་བཅས་ཚེས་བཅུའི་གར་འཆམ་བསྟན་འགྲོའི་དུས་རིམ་རྨད་དུ་བྱུང་བ་འདི་ཉིད་ད་བར་ལོ་ངོ་ ༣༠༠ རིང་རྒྱུན་མ་ཆད་པར་རྒྱུན་འཛིན་ཐུབ་པ་བྱུང་ཡོད།