༄༅།། རེ་གདུང་གི་ངོ་ཁ་ནག་པོ།

༄༅།། རེ་གདུང་གི་ངོ་ཁ་ནག་པོ།
མི་འདི་ཚོའི་ལོ་དང་ཟླ་བའི་རེ་བ་ཕྱོགས་སུ་བསྡུས།
རྩྭ་ཐང་དང་བྱེ་རླུང་གི་ཕུགས་བསམ་རི་གྲོང་ནས་སྣང་མེད་ཡལ།
འཁུན་སྒྲ་དང་མིག་ཆུ་སྐྱོམ་བཞིན་སྐར་ཚོགས་ཀྱིས་འོད་སྣང་ཉུལ།
རེ་གདུང་གི་ངོ་གདོང་ལྷགས་པས་སྣང་མེད་བཅོམ།

གནའ་བོའི་རི་སྒང་གི་དར་ཅོག་དང་རྡོ་འབུམ་རིམ་པ་དགུའི་མལ་ཞབས་་སུ་ཟག།
ལས་དབང་གི་ལོ་མ་རླུང་བུས་གངས་སུལ་གཏོར། སྐྱོ་སྣང་གི་ཧྲག་བར་རེ་ན།
རྗིད་ཏུག་ཏུག་གི་ཤུགས་རིང་བརྩེགས་མ་རེ།
སེམས་ཁོང་ནས་དྲག་ཏུ་ལྡང་། ལོ་དང་ཟླ་བའི་གྲངས་ངོགས་ན།
སད་ཀྱིས་བཅོམ་པའི་མི་ཚེ་གཉོམ་དུང་དུང་།
དུས་བཞིའི་ཁ་སྒོ་ན་གཅོང་སྣང་གི།
རང་སེམས་བཙོན་དོང་ལ་ཡང་ཡང་བསྐྱལ། 
གནམ་སའི་བར་སྟོང་རེ་ན་སུན་སྣང་གི་ཆུ་བོ་ཡང་ཡང་འཁྱིལ།
མི་ཚེའི་རེ་འདོད་བརླག་པའི་གྲུ་ཁ་རེ་རེ་སེམས་སུ་ལྷུང་།
རི་ཁུག་གི་ཆར་སྨུག་ཁྲོད་ན་ཐོལ་བྱུང་གིས་སྐྱོ་གཞས་རི་ཆུ་ལ་སྤར།
རེ་བ་དང་དམ་བཅའི་གསོན་སྙིང་ས་རྡུལ་གྱིས་གདོང་ལ་འཐིམ།
ལོ་རྒྱུས་ཀྱི་དེབ་ཕྲེང་གསེབ་ནས་འཕག་འཚག་ཤོར།
དུང་བ་དང་འཛུམ་མདངས་བྱེ་རླུང་གིས་ཁུར།
ཆར་སྤྲིན་གསར་བའི་མཛེས་སྡུག་བུ་ཡུག་དང་གྲང་རེག་གིས་གཏོར།
ཁེར་རྐྱང་གི་དུང་བ་ཡོད་ཚད་སྒོ་ཁར་འཕུད།
བྲང་གཞུང་ནས་བཞུར་བའི་ཚོར་ཤུགས་དང་།
ཁྲག་རྩ་ནས་འཁོར་བའི་རླབས་སྒྲ་ཡིན་པར་སེམས།  
གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་
འབོད་པས་སུག་བྲིས་བགྱིས་སོ།  ༢༠༡༣   ༣  ༢༣