༄༅།། ལོ་ཟླའི་སུན་སྣང་།

སེམས་གདུང་གི་དུད་སྨུག་གསེབ་ན་འཕྱུར་བའི་ན་ཟུག་རེ་རེ།
ནམ་ཡང་ཡལ་རྒྱུ་མེད་པའི་རྒྱུད་རིམ་བྲང་གཞུང་ན་ནར་གྱིན་ནར་གྱིན།
གླེང་མོར་བྱེད་སའི་མི་བུ་ཞིག་ཤིན་ཏུ་དཀོན་ཡང་།
  ཆུ་ཕྲན་གྱི་བཞུར་དབྱངས་དང་སྐྱོ་སྣང་གི་ཤུགས་གླུ་རེ།
སེམས་ངོགས་སུ་བར་མེད་མཆོད་བཞིན་རྒྱང་རིང་གི་མདུན་ལམ་འཚོལ།

སྐར་ཚོམ་གྱི་ཕ་ཁྱིམ་འདི་ན་སྡུག་ཡུས་ནག་པོའི་རླུང་ཁ་ཧ་ཅང་རྒོད།
ཡ་ང་བའི་སེམས་འཚབས་ཤུལ་ཤུལ་ལྡང་སྐབས།
ཅི་འདྲའི་སྔང་སྐྲག་དེ་ཙམ་ཆེ་ནའང་ཐབས་ཀྱིས་དབེན་པའི་ཁེར་རྐྱང་ཚོ།
ཞོགས་ཁའི་སྨུག་ལོང་གི་རླུང་འཚབ་རེ་རེ་སེམས་གཏིང་ན་འཐིབ་ཀྱིན།
རེ་སྒུག་གི་ཁུར་བོའི་ཁྲོད་ན་ཡོད་ཚད་མཐའ་མེད་ཀྱིས་ཀློང་ལ་འཐིམས།
རི་ཟོམ་གྱི་ལྡེམ་ཁུག་ན་མེ་ཏོག་གི་མགོ་བོ་རླུང་བུས་ཟོས།
རུས་གསང་ལ་སྐྲུན་པའི་ཟུག་ངུ་དམར་པོའི་ཚོར་བ་ཤིན་ཏུ་ལྕི།
གྲི་རིང་གི་གཡུར་ས་དང་ཁྲག་དམར་གྱི་འཇིག་རྟེན་འདིར། 
བརྗེད་མེད་ཀྱི་རྨ་ཁ་གྲངས་མེད་ཞིག་གིས་སེམས་པ་ཁྲག་ལ་སྦྱར།
འོད་དཀར་ཀྱི་རེ་བ་རྒྱང་རིང་ལ་ཆས།
མུན་ཁྲོད་ཀྱི་ཧྲག་བར་ན་ལོ་ཟླའི་སུན་སྣང་ཁེར་ལབ་ཤོར།
གསེར་འབྲོང་སྲས་སམ་དཔལ་ཤུལ་བསོད་ནམས་ཕུན་ཚོགས་ཀྱིས་
བཞུགས་སྒར་ནས་སུག་བྲིས་སོ།  ༢༠༡༣ ༣  ༡༥