དྲྭ་རྒྱའི་གཙོ་འཛིན་པ་དང་དྲྭ་གྲོགས་ཡོངས་ལ་སྤྲིངས་པ།

འཛམ་ གླིང་རིལ་མོ་འདི་ལེབ་ལེབ་བྱེད་པའི་རིག་གནས་ཆེན་མོ་གསུམ་གྱི་ཡ་གྱར་དྲྭ་བའི་ རིག་གནས་འདི་དེང་སྐབས་རྒྱ་མཚོའི་རླབས་བཞིན་ཏུ་འཕྱོ་བ་དང་། ནམ་མཁའི་སྤྲིན་ལྟར་འཐིབ་ནས་འཛམ་གླིང་ཡོངས་ཁྱབ་ཀྱི་རིག་གནས་སུ་གྱུར་ནས་སྤྱི་ ཚོགས་ཀྱི་དཀྱིལ་སྙིང་དུ་གྱུར་པའི་ཚོང་ལས་དཔལ་འབྱོར་དང་། དམག་དོན་ཆབ་སྲིད་ཀྱིས་མཚོན་པའི་བྱ་བ་དེ་དག་བསྒྲུབ་པ་ལ་མེད་དུ་མི་རུང་བ་གྱུར་ནས་མི་རྣམས་ཀྱི་ཉིན་རེའི་འཚོ་བ་དང་ཁ་འབྲལ་ཐུབ་མེད་པ་ཞིག་ཏུ་གྱུར་དང་ འགྱུར་བཞིན་པ་རེད།

དེ་དང་ཆབ་གཅིག་ཏུ་འུ་ཅག་བོད་པ་ཚང་གི་སྐད་ཡིག་དང་རྩོམ་རིགས་སོགས་ཡར་རྒྱས་གོང་འཕེལ་དང་གོམ་གང་མདུན་སྤོས་ཀྱི་ཆེད་དུ་རྒྱ་ཆེའི་ལྷག་བསམ་ཅན་གྱི་དྲྭ་བའི་གཙོ་འཛིན་པ་དག་གིས་བོད་ཕྱི་ནང་གཉིས་ན་དེ་དག་བཀོལ་སྤྱོད་གཏོང་སའི་དྲྭ་ཚིགས་མི་ཉུང་བ་ཞིག་བསྐྲུན་ནས་མིག་སྔའི་སྣང་ཚུལ་ལ་བོད་སྐད་ཡིག་གི་འཕྲིན་ལས་ཅུང་ཟད་རྒྱས་ནས་རྩོམ་རིགས་པའི་སྡེ་ཁག་ཤིག་ཆར་རྗེས་སུ་ཤ་མོ་ རྡོལ་བ་ལྟར་མཆེད་བཞིན་ཡོད་པ་རེད། ཕྱོགས་གཅིག་ནས་བལྟས་ན་འདི་དག་ཧ་ཅང་གི་དགའ་འོས་པའི་བྱ་བཞག་ཞིག་དང་གླེང་དགོས་ པའི་དོན་དག་ཞིག་རེད་སྙམ། ཡིན་ནའང་། མིག་སྔའི་སྣང་ཚུལ་ལས་དོན་དངོས་ཀྱི་གནས་སྟངས་ལ་བལྟ་དགོས་པ་དང་། ཕྱི་ངོས་ཀྱི་རྣམ་པ་ལས་ནང་དོན་ལྔ་སྣོད་དྲུག་ལ་ལག་མྱོང་བྱེད་རྒྱུ་དེ་གལ་ཆེན་ཏུ་མཐོང་ནས་བདག་གིས་ཀྱང་ད་ལྟའི་བོད་སྐད་ཡིག་གི་གནས་བབ་དང་རྩོམ་རིགས་ཀྱི་ ཕྱོགས་ནས་ཅུང་ཟད་གླེང་འདོད་བྱུང། སྤྱིར་མི་རིགས་སུ་འདྲ་དང་རྒྱལ་ཁབ་གང་ཞིག་ཡིན་ནའང་ཡར་རྒྱས་ཅན་དང་འཕེལ་རྒྱས་ ཀྱི་ལམ་དུ་བསྐྱོད་དགོས་ན་ངེས་པར་དུ་གཞི་རིམ་མང་ཚོགས་ཀྱི་བསམ་བློའི་གོ་ རྟོགས་མཐོ་རུ་འགྲོ་དགོས་པ་དང། དེ་དགོས་པ་ལ་མི་རིགས་གང་དེའི་སྐད་ཡིག་དང་རྩོམ་རིགས་དར་སྤེལ་དང་རྩོམ་པ་པོའི་ སྡེ་ཁག་གསོ་སྐྱོང་བྱེད་རྒྱུ་འདི་ལྡོག་ཏུ་མེད་པའི་ལས་འགན་ཞིག་དང་གཡོལ་ཐུབ་ མེད་པའི་འགན་འཁྲི་ཞིག་རེད་འདོད་དོ།།
འོན་ཀྱང་འུ་ཅག་གི་སྐད་ཡིག་དང་རྩོམ་ རིགས་གཉིས་པོ་ནི་དཔལ་འབྱོར་འགྲན་རྩོད་དང་ཆབ་སྲིད་རྒྱ་བསྐྱེད་ཀྱི་ཚ་རླབས་ ཁྲོད་ན་ཞི་ལ་ཁད་དང་། སྤྱི་ཚོགས་གསར་རྙིང་གི་སྣེ་མོ། རིགས་གནས་གསར་རྙིང་གི་འགལ་རྩོད། མི་རབས་གསར་རྙིང་གི་བརྗེ་སྤོར། ལྟ་བ་གསར་རྙིང་གི་འཐབ་ར་ན་གཉོམ་ཆུང་ཆུང་གི་ཚུལ་དུ་ཡུན་རིང་ནད་ཀྱིས་མནར་བའི་ ནད་པ་ཟུངས་ཟད་ལྟ་བུའི་གནས་སྟངས་ཀྱི་འོག་ན་ཡོད་པ་འདི་རེད།
《དང་པོ་ད་ལྟའི་བོད་སྐད་ཡིག་གི་གནས་བབ།》
ཉམས་ རྒུད་རང་བཞིན་ཅན་གྱི་བོད་སྐད་ཡིག་ནི་གཞི་རིམ་མང་ཚོགས་ཀྱི་འཚོ་བའི་ཁྱབ་ཁོངས་ ན་སྐད་རིགས་གཞན་གྱིས་བཙན་འཛུལ་དང་། སྤྱི་ཚོགས་ཀྱི་དཀྱིལ་སྙིང་དུ་གྱུར་པའི་ཚོང་ལས་དཔལ་འབྱོར་དང་དམག་དོན་ཆབ་ སྲིད་ཀྱི་ཁྱབ་ཁོངས་ན་བེད་སྤྱོད་མེད་པ། དེང་རབས་རིག་གནས་སུ་གྲགས་པའི་མཚན་ཉིད་རིག་པ། ཆབ་སྲིད་རིག་པ། ཚོང་ལས་རིག་པ། ཚན་རིག་དང་ས་ཁམས་རིག་པ་སོགས་ཀྱི་ཁྱབ་ཁོངས་ན་བོད་སྐད་ཡིག་གི་རྐུབ་སྟེགས་མེད་ པས་བོད་ཕྱི་ནང་གཉིས་ཆར་ན་བོད་སྐད་བཤད་ན་ར་མི་འཕྲོད་ཅིང་བོད་ཡིག་མཐོང་ན་མགོ་ ན་མཁན་གྱི་མི་རབས་གསར་བ་ཞིག་ཕྱོགས་ཕྱོགས་མཐའ་མཐའ་ཀུན་ན་མཆེད་བཞིན་ཡོད་པས་ བོད་སྐད་ཡིག་ནི་ཉིན་རེ་ནས་ཉིན་རེ་བཞིན་ཏུ་རྒས་ཤིང་ཁོག་པའི་དུས་རབས་ཤིག་ལ་ ཕྱོགས་ཀྱིན་ཡོད་པ་འདི་མཐོང་དུས་ངོ་མ་སྙིང་རླུང་ལྡིང་གིན་འདུག
《གཉིས་པ་དེང་སྐབས་ཀྱི་བོད་མི་རིགས་ཀྱི་རྩོམ་རིགས་ཀྱི་གནས་བབ།》
བོད་ ཕྱི་ནང་གཉིས་སུ་དྲྭ་བའི་རིག་གནས་ཆེས་ཆེར་དར་བ་དང་ལྷན་ཏུ་དྲྭ་བའི་ཟིན་བྲིས་ པ་གང་མང་ཞིག་ཐོན་དང་འཐོན་བཞིན་པ་རེད།ཡིན་ནའང་། དེ་དག་གི་རྣམ་དཔྱོད་ཀྱི་ཤེས་རབ་ལས་བྱུང་བའི་བརྩམས་ཆོས་རྣམས་ཚ་སྐུང་གཅིག་ལས་ བཏོན་པའི་ཚ་ཚ་ལྟར་ཐ་སྙད་བཀོལ་སྟངས་དང་། སྙན་ངག་གི་མཚོན་དོན། ཚིག་གི་སྡེབ་སྦྱོར་སོགས་གང་ཐད་ནས་གླུ་བརྒྱ་ངག་གཅིག་གི་ཚུལ་དུ་ཡོད་པ་འདི་ བོད་མི་རིགས་ཀྱི་རྩོམ་རིགས་གོམ་གང་མདུན་སྤོས་ཀྱི་གཞོན་ནུའི་དུས་རབས་ལས་རྒས་ ཤིང་ཁོག་པའི་དུས་རབས་ཀྱི་ལམ་ལ་བསྐྱོད་ནས་ཧ་ཅང་གི་ཉེ་ཚབ་ཅན་ཞིག་ཏུ་གྱུར་ཡོད་ པ་འདི་བསམ་བློ་ཅཅུང་ཟད་གཏོང་ན་ཤེས་ཡོང་བ་འདི་རེད།
《དེ་གཉིས་ཉེན་སྐྱོབ་བྱ་ཚུལ།》
བོད་ སྐད་ཡིག་འདི་འཇིག་རྟེན་འདིར་ཡུན་ཏུ་གནས་དགོས་ན་མཁའ་དབུགས་གསར་བ་འམ་ཚེ་སྲོག་ གསར་བ་ཞིག་བསྐྲུན་དགོས་པ་དང་བོད་སྐད་ཡིག་འདི་གཞི་རིམ་མང་ཚོགས་ཀྱི་འཚོ་བའི་ ཁྱབ་ཁོངས་སུ་རྒྱ་བསྐྱེད་བྱེད་དགོས་ན་དེང་རབས་རིག་གནས་ནང་འདྲེན་བྱ་དགོས་པ་ དེ་གཡོལ་ཐུབ་མེད་པ་ཞིག་རེད། དེར་བརྟེན་དེང་སྐབས་འཛམ་གླིང་ཡོངས་ཁྱབ་ཀྱི་ རིག་གནས་ཚོང་ལས་དཔལ་འབྱོར་རིག་གནས། ཆབ་སྲིད་དང་དམག་དོན་རིག་གནས། དངོས་ཁམས་དང་རྫུས་འགྱུར་རིག་གནས། ཡིག་བསྒྱུར་དང་སྒྱུ་རྩལ་རིག་གནས་སོགས་ཀྱིས་མཚོན་པའི་སྣ་མང་རིག་གནས་ནང་ འདྲེན་བྱེད་ཐུབ་ན་བོད་སྐད་ཡིག་འདི་ཡར་རྒྱས་གོང་འཕེལ་དང་གོམ་གང་མདུན་སྤོས་ ཀྱི་སྒོ་ནས་སླར་ཡང་གཞོན་ནུའི་དུས་རབས་སུ་བསྐྱོད་པ་སྨོས་མ་དགོས་པ་རེད། བོད་མི་རིགས་ཀྱི་རྩོམ་རིགས་འདི་ཡར་རྒྱས་ཅན་དང་འཕེལ་རྒྱས་ཅན་གྱིི་ལམ་དུ་ བསྐྱོད་ནས་བོད་སྤྱི་ཚོགས་ཀྱི་བློ་སྒོ་འབྱེད་དགོས་ན། ང་ཚོའི་སྤྱི་ཚོགས་ནང་ན་ཅུང་ཟད་འབུར་དུ་ཐོན་པའི་རྩོམ་པ་པོ་རྒན་རབས་རྣམས་ ཀྱིས་ཐུགས་འགན་བཞེས་ཏེ་གསར་རྩོམ་གྱི་ལམ་ལ་ཞུགས་ཀྱིན་པའི་བདག་དང་བདག་འདྲ་ བའི་ན་གཞོན་རྩོམ་པ་པོ་རྣམས་ལ་ལམ་སྟོན་གནང་བ་དང་དེ་དག་གིས་བྲིས་པའི་རྩོམ་ རིགས་དག་ལ་དཔྱད་བརྗོད་སྤེལ་རྒྱ་འདི་ཧ་ཅང་གི་གལ་ཆེན་རེད་བསམ་ཡོད། ལྷག་པར་དུ་བོད་ཕྱི་ནང་གཉིས་ཆར་དུ་ཡོད་པའི་དྲྭ་རྒྱའི་གཙོ་འཛིན་པ་དང་དྲྭ་བར་ ཞུགས་པའི་ཟིན་བྲིས་པ་དག་དུས་ཚོད་ནམ་ཁོམ་ལ་དྲྭ་ཐོག་ལ་ཡོང་ནས་དྲྭ་གྲོགས་ཚོའི་ ཟིན་རྩོམ་བཀླགས་ནས་ལེགས་སྤེལ་ཉེས་འགོག་གི་དཔྱད་བརྗོད་སྤེལ་རྒྱུ་དང་དག་ཆ་ ནོར་བཅོས་བྱེད་པ་སོགས་བྱས་ན་བོད་མི་རིགས་རྩོམ་རིགས་དེ་ཅུང་ཟད་སྤས་དག་ཅིག་ ཡོང་རྒྱ་རེད་འདོད་དོ།།དག་ཆ་ནོར་བཅོས་དང་ལེགས་སྤེལ་ཉེས་འགོག་གི་དཔྱད་བརྗོད་ མ་སྤེལ་ན་ང་དང་ང་འདྲ་བའི་མིག་མེད་ལོང་མཆོང་གི་སྒོ་ནས་སྙན་ངག་འབྲི་ཁུལ་དང་ རྩོམ་རིགས་འབྲི་བཞེངས་བྱེད་མཁན་རྣམས་ཡར་རྒྱས་མི་འགྲོ་བ་དང་མ་ཟད་རྩོམ་འབྲི་ བ་ལ་སེམས་ཤུགས་ཆགས་པ་སོགས་གནས་ཚུལ་གང་མང་བྱུང་དང་འབྱུང་བཞིན་པ་ཡོད་པ་མིག་ གིས་མཐོང་བ་དང་རྣ་བས་ཐོས་པ་གང་མང་མང་རེད དེར་བརྟེན་དྲྭ་བའི་རྩོམ་སྒྲིག་པ་རྣམས་ཀྱིས་གཞུག་ཕྱོགས་སུ་ཟིན་རྩོམ་གང་ཡོད་ ལ་དཔྱད་བརྗོད་སྤེལ་རྒྱུའི་དུས་ཚོད་མེད་ན་ཡང་དེ་དག་གི་ཁྲོད་ནས་ཟིན་ཐོ་ལེགས་ ཤོས་དེ་ཚོ་ལ་ངེས་པར་དུ་ལེགས་སྤེལ་ཉེས་འགོག་གི་དཔྱད་བརྗོད་རེ་སྤེལ་རྒྱ་དེ་ངེས་པར་དུ་བསྒྲུབ་དགོས་པའི་བྱ་བ་གལ་ཆེན་ཞིག་ཡིན་པས་དེ་ལུགས་ཡིད་ལ་འཇགས་པར་འཚལ།།