ལས་མེད་ན་གཞོན་ཚོ་ལས་རིགས་འདྲ་མིན་ལ་ཞུགས་ས་འདུག།

ཁ་སང་ཞོགས་པ་ནི་དེ་རིང་དང་མི་འདྲ་བར་གནམ་གཤིས་ཀྱི་དྲོད་ཚད་ཧ་ཅིང་སྙོམས་པོ་ཡོད་པས་མ་ཚད། དཔྱིད་ཉི་རིང་མོ་ཞིག་གི་དྲོད་ཐིག་གང་ཙམ་སླེབས་བསྡད་པའི་དུས་ཚིགས་ཤིག་ལ་ངོས་འཛིན་བྱེད་ཆོག་ས་རེད། རེད་དེ་ཞོགས་པ་དེར་བདག་ལ་མཚོན་ན་སློབ་ཁྲིད་ལ་ཉ་འཇོག་བྱེད་པའི་རྣམ་ཤེས་འགག་བསྡད་པར་མ་ཟད། ཉི་མ་དེ་གུང་གསེང་ཞིག་གི་ཡན་ལག་གམ་ཡང་ན་ངལ་གསོ་བྱེད་པའི་ཉིན་མོ་ཞིག་ཡིན་པའི་ཚོར་བ་ཞིག་ཀྱང་སླེབས་འདུག།། རྒྱུ་མཚན་ཉིན་དེ་ནི་རྒྱུན་ལྡན་ལུས་རྩལ་གྱི་རིམ་པ་གལ་ཆེན་དེའམ་ལག་རྩེད་སྤོ་ལོ་དང་རྐང་རྩེད་སྤོ་ལོ་སོགས་ཀྱི་རྩེད་རིགས་སྣ་ཚོགས་ཀྱི་སྟོན་མོ་

བཤམས་ཉིན་དེ་རེད་འདུག།  ཡིན་ཡང་ཞོགས་པའི་དུས་ཚོད་བཅུ་ལ་མ་ཟིན་པའི་ཡར་སྔོན་དེར་ང་ཚོའི་འཛིན་ཁང་སྒོ་འཁྲིས་ཀྱི་ཟུར་གཅིག་ལས། དགེ་རྒན་ཞིག་གིས། ཚགས་ཤོག། ཚགས་ཤོག་ཅེས་སྐད་གསེང་ཧ་ཅིང་མཐོང་རྒྱུ་མེད་པའི་ངང་། ཚགས་ཤོག་རྣམས་མཁའ་དབྱིངས་ནས་འཕངས་སོང་ལ། དེ་ནི་ཁོང་གིས་ང་ཚོས་རྟག་ཏུ་ཚགས་ཤོག་ཐོབ་རྩོད་ཀྱི་འཚང་ཁ་བརྒྱབ་བསྡད་པ་དེར་བྱ་ཐབས་ཤིག་བསྟེན་པ་ལས་གཞན་ཅི་ཡང་མ་རེད། ཚགས་ཤོག་དེ་ནི་རྒྱུན་ལྡན་གྱི་ང་ཚོའི་སློབ་གྲྭར་འབྱོར་བཞིན་པའི་དུས་བབ་ཚང་གི་ཚགས་ཤོག་སྤྱིའི་འདོན་ཐེངས་༥༨༤་པ་དེ་རེད་འདུག།།
 
ངས་ཚགས་ཤོག་དེའི་མགོ་མཇུག་བར་གསུམ་གྱིས་གནས་ཚུལ་རྣམས་རེ་རེ་བཞིན་བཀླགས་མེད་ལ་བཀླགས་འདོད་ཀྱང་མ་སྐྱེས། ངས་བཀླགས་པ་ནི’’མི་རྣ་ངོ་སྤྲོད’’ཟེར་བ་དེ་དང་’’ནང་སྲིད་ལས་ཁུངས་ཀྱི་ན་གཞོན་རོགས་སྐྱོར་ལས་གཞི’’ཟེར་བའི་ལེའུ་ཚན་དེ་གཉིས་ཚར་གཅིག་བཀླགས་པ་ཡིན་ལ། ཁྱད་པར་དུ་ན་གཞོན་རོགས་སྐྱོར་ལས་གཞི་ཟེར་བའི་སྐད་ཆ་དེར་དགའ་བོ་བྱུང་། རྒྱུ་མཚན་དེང་གི་བོད་བཙན་བྱོལ་བའི་སྤྱི་ཚོགས་སུ་བོད་ཀྱི་གཞོན་སྐྱེ་རྣམས་ལ་ལས་ཀ་མ་རག་པའི་དཀའ་ཚགས་ཆེ་ལ། ཁྱད་པར་བོད་ནས་གསར་དུ་ཕེབས་མཁན་ཚོར་ལས་ཀའི་དཀའ་ངལ་དང་འབྲེལ་བའི་འགྲོ་འདུག་ཉལ་ཆགས་ཀྱི་སྡུག་བསྔལ་གང་མང་ཡོད་པ་སུས་ཀྱང་མཁྱེན་ཤག་རེད། དེས་ན་ངས་ལས་ཀ་དེ་ལྟ་བུ་ཞིག་འགོ་འཛུགས་གནང་བར་གུད་འདུད་དང་སྐུ་ཚེ་རིང་ཞེས་བརྗོད་ན་འགྲིག་ཚོད་རེད། ཡང་གཅིག་བཤད་ན་སྲིད་གཞུང་ཞིག་ལ་མཚོན་ན་རང་གི་འབངས་མི་ལ་ལྟ་རྟོགས་དང་གཟིགས་སྐྱོང་གནང་དགོས་པ་སྲིད་གཞུང་རང་གི་འགན་འཁྲི་དང་། དམིགས་ཡུལ་ཡིན་པས་དེ་ལྟར་བྱེད་འོས་སོ་ཞེས་གནས་ལུགས་ཀྱི་སྐད་ཆ་བཤད་ཀྱང་ཆོག།། དེ་བཞིན་དུ་མ་བུ་གཉིས་ལ་མཚོན་ནས་བཤད་ན་རང་གི་བུ་ཕྲུག་གསོ་སྐྱོང་གི་ལམ་ཁ་བཟང་བོ་ཞིག་ཏུ་འགྲོ་ཐབས་བྱེད་རྒྱུ་ནི་ཨ་མའི་དམིགས་ཡུལ་དང་རེ་བ་ཆེ་ཤོས་དེ་ཡིན་རྒྱུ་རེད་ལ། དེ་ལྟར་འགྲོ་ཐབས་སུ་བརྩོན་པ་ལྷུར་ལེན་གནང་རྒྱུ་དེ་ཡང་ཨ་མ་རང་ལ་བུ་ཕྲུག་ཅིག་ཡོད་པའི་དོན་གོ་རེད།
 
དེ་བཞིན་དུ་བུ་ཕྲུག་རང་ལ་མཚོན་ན་ཡང་ཨ་མས་རང་ལ་བདག་སྐྱོང་གནང་བ་དེ་ཨམ་མའི་འགན་འཁྲི་རེད་ཅེས་མགོ་བོ་མཐོ་མཐོ་བྱས་ཏེ་སྣང་བ་གང་དྲན་གྱིས་མི་སྡོད་པར། ཁོ་མོར་བཀའ་དྲན་རྗེས་དྲན་དང་ཐུགས་རྗེ་ལེགས་འབུལ་གྱི་ཚུལ་དུ་ཁོ་མོའི་རེ་འབྲས་མྱུར་སྨུན་ལ་འབད་པ་ཤུགས་དྲགས་གནང་དགོས་པ་རྟེན་འབྱུང་གིས་གྲུབ་པའི་དེ་ཁོ་ན་ཉིད་དོ།  དཔེ་དེ་བཞིན་དུ་རྒྱལ་ཁབ་ཅིག་གི་སྲིད་གཞུང་དང་དེར་བདག་པའི་མི་སེར་ལ་མཚོན་ན་ཕན་ཚུན་མ་བུའི་འདུ་ཤེས་དང་བརྩེ་སེམས་ཡོད་དགོས་པ་ནི་གོང་ཁྲན་རང་ལུགས་ཀྱི་འཐབ་འཛིང་པ་ལུའུ་ཞུན་གྱིས’’མེས་རྒྱལ་ནི་རྟག་པར་ཨ་མར་བརྩི་གི་ཡོད་སྟབས། མི་ཚང་མས་རང་ཉིད་ཀྱི་མེས་རྒྱལ་ལ་ཤ་ཞེན་བྱེད་དགོས་ཤིང’’ཞེས་པའི་སྐད་ཆ་འདི་ལས་ཤེས་སྟབས། སྲིད་གཞུང་ནི་རང་གི་ཨ་མ་དང་རང་ཉིད་ནི་དེའི་བུ་ཕྲུག་ཏུ་ངོས་འཛིན་སྦ་གསང་མེད་པར་ཐོབ་དགོས་པ་ཕྱོགས་གཉིས་ཀྱི་འགན་འཁྲི་ཡིན་པས། ཕན་ཚུན་ལ་ཐུགས་རྗེ་ལེགས་འབུལ་གྱི་ཞབས་འདེགསཀྱི་ཞུ་རེས་བྱེད་ཀྱང་མི་འོས་པ་ཞིག་ག་ལ་ཡིན་ཏེ་མ་ཡོན་ནོ། དེས་ན་ནང་སྲིད་ལས་ཁུངས་ཀྱིས་བཙན་བྱོལ་བའི་ན་གཞོན་ཚོ་དང་ལྷག་པར་དུ་བོད་ནས་གསར་དུ་ཕེབས་མཁན་གྱི་གསར་འབྱོར་བ་ཚོར་ཆེད་དམིགས་ཀྱིས། ཤིང་བཟོ་དང་། འཚེམ་བཟོ། གློག་དང་ཆུ་བཟོ། སྐྲ་བཟོ། མཛེས་བཟོ། མ་ཆེན། སྨན་པའི་སྐད་ཆ་ཡིག་ཐོག་ཏུ་ཕབ་སྒྱུར་བྱེད་སྟངས། འཕྲུལ་ཆས་ཞིག་གསོ། ཁ་པར་དང་བརྙན་འཕྲིན་སོགས་བཟོ་སྟངས་ཀྱི་ལས་གཞི་སྣ་མང་ཞིག་སྤེལ་མས་ཡིན་པ་དེ་བཀའ་དྲན་བླ་ལྷག་ཏུ་ཆེ་བའི་ལས་དོན་གལ་ཆེན་ཞིག་ཡིན་སྟབས། ལས་ཀའི་དཀའ་ངལ་ལ་ལྷུང་བའི་སྤིན་ཟླ་སུ་ཡིན་གྱིས་ལས་གཞི་དེར་མཉམ་ཞུགས་གང་ཐུབ་གནང་རྒྱུ་དང་། གོ་སྐབས་དམ་འཛིན་གནང་རྒྱུ་ནི་ཆེས་བརྗེད་མི་ཉན་པའི་ལས་དོན་གཙིགས་ཆེན་ཞིག་ཡིན་པར་འཁུམས།  ཡིན་ན་ཡང་གཞོན་སྐྱེ་མང་པོ་ཞིག་གིས་ཉན་འཇོག་མ་བྱས་པའམ་ཡང་ན་གཞུང་ཕྱོགས་ནས་གསལ་བསྒྲགས་ཚ་ནན་ཞིག་མ་ཐུབ་པའི་རྐྱན་གྱིས། ན་གཞོན་གང་མང་ཞིག་གིས་ལས་གཞི་དེར་ཇི་ལྟར་འཛུལ་དགོས་མིན་དང་། འཛུལ་བའི་ཆ་རྐྱེན་གང་ཞིག་ཚང་དགོས་མིན་གྱི་རྒྱས་མངའ་ཅི་ཡང་མེད་པས་མ་ཚད། ཕྱོགས་གང་ཞིག་ཏུ་ལས་གཞི་འདི་ལྟ་བུ་ཞིག་ཡོད་མེད་ཀྱང་གོ་ཐོས་མེད་པའི་གསར་བུ་གསར་མོ་གང་མང་ཞིག་ཡོད་པ་བདག་གིས་མཐོང་ཐོས་ཀྱི་མྱོང་བས་དཔང་པོ་བྱེད་ཆོག།། དེ་ནི་གཞུང་གིས་གསལ་བསྒྲགས་བསྐྱངས་སྟངས་ཀྱིས་མ་འདང་པའམ། ཡང་ན་བཀོད་མངག་པ་རྣམས་ཀྱིས་བརྡ་ལན་གསལ་བོ་ཞིག་མ་སྤྲད་པའི་སྐྱོན་ཆ་ཞིག་ལས་གཞན་དུ་འགྲོ་ས་མེད་པ་མ་ཡིན་ནམ། གང་ལྟར་བཙན་བྱོལ་བའི་གཞོན་སྐྱེ་ཚོར་ལས་གཞི་འདི་འདྲ་ཞིག་བཀོ་བསྒྲིགས་གནང་ཐུབ་པ་རླབས་ཆེན་དང་བསྔགས་བརྗོད་ཀྱི་གནས་ལས་མ་འདས་སོ།
 
རེད་དེ་ལས་གཞི་འདི་གཅིག་པོས་བཙན་བྱོལ་བའི་འཚོ་བའི་དཀའ་ཁག་ལ་ཐག་གཅོད་བྱེད་མི་ཐུབ་ལ། ཁྱད་པར་དུ་དེང་ཐོག་བཞུགས་སྒར་གྱི་གསེང་ལམ་དག་ན་འཇིགས་སྐྲག་དང་དངང་ཚུབ་ཀྱིས་མནར་བཞིན་པའི་བོད་པའི་ཚོང་སྡེ་བ་རྣམས་ཀྱི་དཀའ་ངལ་ནི་དེ་བས་ཀྱང་སེལ་མི་ཐུབ། ཁོང་ཚོར་མཚོན་ན་མང་ཆེ་ཤོས་བོད་ནས་གསར་དུ་ཕེབས་པ་ཤ་རྟག་ཡིན་པས་མ་ཟད། ནང་མི་བུ་ཕྲུག་དང་བཅས་ཏེ་གསོ་སྐྱོང་གཟིགས་རྟོགས་གནང་དགོས་མཁན་གྱི་ངེས་མེད་འཁྱམ་པོ་བ་དག་རེད། ཁོང་ཚོས་རྟག་ཏུ་ཞལ་སྒོ་རླུང་ལ་ཟེད་དེ་བྱ་དངོས་ཕྲན་བུ་རེ་ཨེ་ཚོང་སྙམ་པའི་རེ་བ་དང་སྨོན་སེམས་བཅངས་ཏེ། ཉིན་རྟག་པར་དངང་སྐྲག་དང་སྨོན་སེམས་ཅིག་ཅར་གྱིས་མི་ཚེ་འཁྱོལ་ཐབས་ཙམ་བྱེད་བཞིན་འདུག།། ཡང་འགའ་ཞིག་གིས་ཁོང་ཚོས་དུས་ཚོད་མ་འཁྱོངས་པ་དེ་ལྟར་བྱས་པ་རེད་ཅེས་སྤིན་ཟླ་ཕན་ཚུན་ལ་ཡིད་ཆེས་མེད་པའི་སྐད་ཆ་བཤད་ཀྱིན་འདུག།། གལ་སྲིད་སྐད་ཆ་དེ་དག་བདེན་པ་ཡིན་ན་ཁོང་ཚོས་ཚོང་དོན་ཕྲན་བུ་རེ་བྱུང་ཚེ། རྫས་རིན་སྒོར་མོ་རྣམས་མགོ་ལ་འཇོག་པ་དང་། ཚོང་རྫས་ཡོད་ཚད་ལ་བྱིལ་བྱིལ་གཏོང་བའི་རྒྱ་གར་བའི་ལུགས་སྲོལ་ཚུན་ཆུད་ལ་ལད་ཟློས་བྱས་ཏེ། དངུལ་ལོ་ཕྲན་བུ་རེ་རག་ན་སྙམ་པའི་ཐབས་ཤེས་གང་དྲག་གནང་བཞིན་པ་ལྷན་རྒྱས་ཀྱིས་མཁྱེན་ཡོད་ཤག་རེད། དེས་ན་ཁོང་ཚོ་སྲང་ལམ་དེར་བུད་དེ་ཞལ་སྒོ་རླུང་ལ་ཟེད་དགོས་པའི་དམིགས་ཡུལ་དང་རྒྱབ་ལྗོངས་ཀྱང་གནད་དོན་འདི་དག་ལས་ཤེས། དེ་ཡང་ཁོང་ཚོར་ཚོང་ཁྲོམ་བཤམ་སྟོན་གྱི་ཐོབ་ཐང་རག་གི་མེད་པས་མ་ཚད། གློ་བུར་ངེས་མེད་ཀྱིས་རྒྱ་གར་ལྟ་སྲུང་བ་ཡོང་སྟེ་ཚོང་རྫས་བཙན་འཕྲོག་བྱེད་པ་དང་། གང་བྱུང་གཏོར་བཅོམ་གཏོང་གི་ཡོད་པ་སྲང་ལམ་གྱི་ཚོང་པ་ཚོས་ཞལ་ནས་ཐོན་བཞིན་པ་དེ་རེད། འོན་ཀྱང་བཙན་བྱོལ་གཞུང་གིས་འདིའི་ཕྱོགས་ལ་སྔ་ཕྱི་གང་མང་ལ་གཟིགས་རྟོགས་མཛད་ཡོད་རྒྱུ་རེད་དེ།  དོན་ཕན་ལྡན་པའི་གྲུབ་འབྲས་ཤིག་ཐོན་མེད་པ་ནི་ཉེ་བའི་ཆར་སྤྱི་ཟླ་༢་ཚེས་༡་རེས་གཟའ་པ་སངས་ཉིན་བསྐྱར་དུ་ཚོང་ཁྲོམ་རྣམས་སྒོ་རྒྱག་དགོས་བྱུང་ཡོད་མ་ཟད། ཚོང་རྫས་བཙན་འཕྲོག་བྱས་པའི་གནས་ཚུལ་ཡང་བྱུང་འདུག། དེས་ན་ལམ་ཁའི་ཚོང་པ་རྣམས་ལ་བདག་དབང་ཡོད་པའི་ཁྲོམ་ས་ངེས་གཏན་ཞིག་རག་རྒྱུར་འབད་པ་གནང་དགོས་ལ། གལ་དེ་ལྟར་མ་བྱུང་རུང་མ་མཐར་ཡང་སྐྲག་སྣང་དང་འཚེར་སྣང་གིས་འཚོ་མི་དགོས་པ་ཞིག་བཟོ་རྒྱུ་ནི་རང་རེའི་སྲིད་གཞུང་གི་འགན་འཁྲི་ཉག་ཅིག་ཏུ་ལགས། འདི་ནི་བོད་ནས་ཕེབས་པའི་གསར་འབྱོར་བའི་རྒན་དར་གཞོན་གསུམ་གྱི་ཐུན་མོང་གི་དཀའ་ངལ་ཆེས་ཤོས་དེ་རེད་ཅེས་བཤད་ན་མ་འགྲིག་པ་མེད་དམ་སྙམ།
                                                         སྤྱི་ལོ་༢༠༡༣་ཟླ་༣་ཚེས་༡༤་ཉིན།