༼ངའི་སྣང་བ་ཞིག་ལ༽
དོ་ནུབ་ས་གཞི་ཡོད་ཚད་མུན་ནག་གིས་ཁྱབ་ཀྱང
དཀར་ལམ་ལེམ་གྱི་ཟླ་བ་འདི་ཡང་འོད་མེད་པའི་སྲ་འཁྲེགས་ཀྱི་དངོས་པོ་ཞིག་ཏུ་གྱུར་འདུག
དོ་ནུབ་ངའི་ཉེ་འཁོར་གྱི་བྱ་དངོས་ཡོད་ཚད་མཐོ་རིམ་སྲོག་ཆགས་ཀྱི་གཟུགས་སུ་གྱུར་ནས
རེ་བ་དང་ཡིད་ཆེས་ཀྱི་ཀློང་ན་མིག་ཟུང་ཅེར་གྱིན་ང་ལ་ལྟ་གིན་འདུག
དོ་ནུབ་ངའི་ཉེ་འཁོར་གྱི་བྱ་དངོས་ཡོད་ཚོད་ཀྱི་གདོང་ན་སྐྱོ་གདུང་གི་མིག་ཆུ་བཞུར་གྱིན་འདུག
དོ་ནུབ་ངའི་མིག་ལམ་གྱི་བྱ་དངོས་ཡོད་ཚོད་གངས་དཀར་ལྷ་མོས་བསླུ་བྲིད་ཐེབ་པའི་
ཤ་ཁྲག་རུས་གསུམ་གཅིག་པའི་སྤུན་ཟླ་རྐྱང་རྐྱང་རེད་འདུག
ངའི་སྣང་བ་ཞིག་ལ
དོ་ནུབ་ངའི་མཐོང་ལམ་གྱི་ས་གཞི་ཆེན་མོ་འདི་ནི་ཤི་གསོན་བྱེ་མའི་ལ་ཁ་རེད་འདུག་ལ
དེའི་སྟེང་ན་ལྷེང་ངེར་འགྲེང་ཡོད་པའི་རྩ་རྩི་ཤིང་དེ་ཚོ་ནི་རེ་བ་དང་ཡིད་ཆེས་སྣུན་པོ་ཞིག་གི་ཆེད་དུ་འཇིག་རྟེན་གཞན་ལ་ཆས་སོང་བའི་ངོ་ཤེས་པའི་མི་བུ་དག་དག་རེད་འདུག
དོ་ནུབ་ངའི་ལུས་ལ་འཁྱུད་བཞིན་པའི་གྲང་བསིལ་བསིལ་གྱི་རང་བྱུང་ཁམས་ཀྱི་རླུང་བུ་འདི་ནི
ཤི་གསོན་བྱེ་མའི་ལ་ཁ་ན་རེ་བ་ཡོད་ཚོད་ང་ལ་བཅོལ་བཞིན་པའི་སྲོག་ལྡན་དེ་ཚོའི་རྣམ་ཤེས་རེད་འདུག་ལ དོ་ནུབ་ངའི་སྒྲ་འཛིན་གྱི་བུ་ག་རུ་ཐོས་ཀྱིན་པའི་སྐད་སྒྲ་དེ་ནི་ཤི་གསོན་བྱེ་མའི་ལ་ཁ་ནས་ཕྱིར་མི་ཡུལ་ལ་ལེ་བརྡ་བྱེད་ཀྱིན་པའི་སྲོག་ཆགས་དེ་ཚོའི་སྨྲེ་ངག་དང་ཤུགས་ཀྱིས་གྱེར་བའི་སྐྱོ་དབྱངས་རེད་འདུག
དོ་ནུབ་ངས་ཐོས་ཀྱིན་པའི་སྨྲེ་ངག་དང་སྐྱོ་དབྱངས་དེ་ཚོའི་སྒྲ་གདངས་ཆེ་ཆུང་དང་གྱེར་སྟངས་མི་འདྲ་ནའང་བསྟན་དོན་ནམ་བརྗོད་བྱ་གཅིག་པ་རེད་འདུག མདོར་ན་དོ་ནུབ་ངས་ཡོད་ཚད་ནས་ཡོད་ཚད་ང་ལ་བཅོལ་བཞིན་པའི་སྣང་ཚུལ་དེ་མཐོང་སོང་བས་ངོ་མ་ང་སྐྲག་གིན་འདུག
ཤི་གསོན་གཉིས་ཀྱི་བར་མཚམས་ན་ཁེར་རྐྱང་དུ་ལུས་པའི་བུ་ཆུང་ངས་ཅི་ཞིག་བྱེད་དགོས་སམ