མེ་ཏོག་སེར་ཆེན།

སྔ་མོ་སྔ་མོ་ཞིག་ལ། 
ཉེ་ས་ཉེ་ས་ཞིག་ནས། 
རྒྱང་རིང་རྒྱང་རིང་དུ་བཞུད་པའི་མེ་ཏོག་སེར་ཆེན།
ཁྱེད་ཀྱིས་དཔྱིད་གསུམ་གྱི་སྦྲང་ཆར་བརྔུབས་ཀྱང་།
དབྱར་གསུམ་གྱི་ལང་ཚོ་བཞག་ནས་གནས་དེར་ཆས།
ནུབ་མོ་དེར།
ཁྱེད་རི་རྐད་ཀྱི་སུ་རུ་མེ་ཏོག་དང་འགྲོགས་ཤིང་།
ལ་ཉག་གི་སྤང་རྒྱན་མེ་ཏོག་དང་ལྷན་དུ།
ཞེན་ཆགས་ཀྱི་མིག་ཟུང་ཆེ་ཆེར་བགྲད་ཅིང་།

སྐྱོ་གདུང་གི་མིག་ཆུ་ལྷུང་ལྷུང་དུ་བཞུར་ཞོར།
ཆེས་ཐག་རིང་ཐག་རིང་གི་གནས་དེར་ཆས།
མེ་ཏོག་སེར་ཆེན།
ཁྱེད་ཉེ་ས་ཞིག་ནས་རྒྱང་དུ་བཞུད་པའི་མངར་བསྐྱུར་འདྲེས་མའི་ལོ་ཟླའི་ཁྲོད་ནས།
ངས་ཁྱེད་སོང་ཤུལ་གྱི་རྐང་རྗེས་འཚོལ་དུས།
དགུན་གསུམ་གྱི་ཁ་བ་བུ་ཡུག
དབྱར་གསུམ་གྱི་དྲག་ཆར་རླུང་ཚུབ།
རི་རྐེད་ཀྱི་ཡུལ་ལྷ་གཞི་བདག་ཚོའི་ཡར་འགྲོ་མར་ཡོང་གིས།
ཁྱེད་སོང་ཤུལ་གྱི་རྐང་རྗེས་སུབ་ཟིན་མོད།
ངས་རེ་དྭོགས་གཉིས་ཀྱི་འཕྲང་ལམ་དོག་མོ་དེ་རྒྱུད་ནས།
ད་དུང་།མེ་ཏོག་སེར་ཆེན་ཁྱེད་འཚོལ་དུ་ཡོང་།
ངས་ཀྱག་ཀྱོག་མང་བའི་ལམ་བུ་མཐའ་དག་བརྒྱུད་ནས།
ཁྱེད་ཀྱི་རྐང་རྗེས་དེ་ཡི་ཆེད།
ཁྱེད་ཀྱི་འཛུམ་མདངས་དེ་ཡི་ཆེད།
དྲན་གདུང་གིས་བཟི་བའི་ལོ་ཟླ་རིང་མོའི་ཁྲོད་ཀྱི།
ངས་རེ་ཞིང་སྒུག་པའི་ཁྱེད།
བདག་གི་དྲན་ཞིང་བསམ་པའི་ཁྱེད།
ངས་སྙིང་ནས་གཅེས་པའི་མེ་ཏོག་སེར་ཆེན།
ང་ཁྱེད་དང་ཆེས་ཉེ་ས་ཉེ་སའི་རི་རྐེད་དེར་ཐོན་དུས།
ལ་ཉག་གི་གངས་ལྷ་མེ་ཏོག་དེས།
སྔ་མོ་སྔ་མོ་ཞིག་ནས།
སྟོན་གསུམ་གྱི་བ་མོས་ཁྱོད་སད་ཟིན་ལ།
དགུན་གསུམ་གྱི་བུ་ཡུག་རྩུབ་མོས་ཁྱོད་བཅོམ་ཟིན་ཟེར།
དེ་དུས།
ངའི་སེམས་པ་མག་མོག་པོ།ངའི་ཀླད་པ་སྟོང་བསང་བསང་།
ངའི་མིག་མདུན་ནག་ཐམ་ཐོམ་དུ་གྱུར་ཀྱང་།
ཨམ་བརྩིགས་སྡོམ་བཞིན།
བརྩེ་བའི་གུར་ཁྱིམ་དྲོད་མོའི་སྒོ་ཁ་དེ།
བརྩེ་མདངས་ཟེའུ་འབྲུ་རྒྱས་པའི་པདྨའི་གླིང་ཁ་དེ།
རྒྱབ་ཏུ་བསྐྱུར་བཞིན།
སེམས་པ་རྨས་མ་ཞིག་དང་།
སྙིང་ཁ་ཆག་གྲུམས་ཤིག་ཁྱེར་ནས།
སྨྲ་ངག་མེད་པའི་ཁུ་སིམ་ཁྲོད་ནས།
ལོ་མང་ཁྱེད་དང་འདྲེས་པའི་སེམས་ཀྱི་དར་སྐུད་རྩ་ནས་བཅད་དེ།
ང་ཁྱེད་ཀྱི་སེམས་དང་ཁ་ཐག་རིང་བའི་གནས་དེར་ཆས་དགོས་བྱུང་།
འདི་ལྟར།
ཡོད་ཚད་ལ་རྫོགས་ཚིག་འཐེན་པའི་དོ་དགུང་འདིར།
ངས་སྨྱུ་གུ་དང་འགྲོགས་ནས།
ཐོག་མ་འཛུམ་གྱིས་བསུས་པའི་བརྩེ་དུང་གི་གཏམ་བརྒྱུད་དེ།
སྟོན་དུས་ཀྱི་བ་མོས་ཇི་ལྟར་བཅོམ་ཚུལ།
བརྗེད་པར་དཀའ་ཞིང་དྲན་པར་བསླ་བའི།
འཛད་མཐའ་བྲལ་བའི་འདས་དོན་རྣམས།
རེ་རེ་བཞིན་འབྲི་བཞེངས་བྱ་འདུན་ཆེ་ཡང་།
སེམས་པ་རྨས་མ་འདིས།
འབྲི་བཞེངས་བྱ་བའི་སྒྱུ་རྩལ་ཡོངས་སུ་བཅོམ།
སེར་ཆེན་མེ་ཏོག
ཁྱེད་ཉེ་ས་ཉེ་ས་ཞིག་ནས།
ཐག་རིང་ཐག་རིང་དེར་བཞུད་ཟིན་ལ།
ད་དུང་རྒྱང་ནས་རྒྱང་ན་སོང་དང་།
ངས་ས་མཐའི་གྲུ་ཁ་འདི་ནས།
འཁེང་ར་མེད་པའི་སེམས་པ་ཞིག་དང་།
 བདེ་སྐྱིད་ལྡན་པའི་སྨོན་འདུན་གྲངས་མེད་ཀྱིས།
ཁྱེད་ཀྱི་རྒྱང་རིང་གི་འགྲུལ་བཞུད་ལ་སྐྱེལ་མ་བྱེད།