ཧུན་སུར་བོད་མིའི་གཞིས་ཆགས་ཀྱི་ས་འཐུས་ཚོགས་འདུ།

2012_3_23_hunsur2ཟླ་འདིའི་ཚེས་ ༢༣ ཉིན་ནས་ཉིན་བཞིའི་རིང་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་གི་ས་གནས་འཐུས་མིའི་ཚོགས་འདུ་སྐབས་བདུན་པའི་ཚོགས་དུས་ལྔ་པ་འཚོགས་ཟིན་པ་དང་། ཚོགས་འདུའི་ཐོག་ས་གནས་འགོ་འཛིན་ལས་ཁང་དང་འབྲེལ་ཡོད་སྡེ་ཚན་ཁག་གི་ཕྱི་ལོ་༢༠༡༣ དང་ ༢༠༡༤ བཅས་ཀྱི་སྔོན་རྩིས་བཀའ་ཁྲོལ་དང་། ལོ་སྔོན་མའི་ལས་བསྡོམས་བཅས་ཀྱི་ཐོག་བགྲོ་གླེང་དོགས་གཅོད་གནང་ཡོད་པ་རེད།

ཕྱི་ཚེས་ ༢༣ ཉིན་ས་གནས་འགོ་འཛིན་ཡེ་ཤེས་ཆོས་སྒྲོན་གྱིས་ས་གནས་འགོ་འཛིན་ལས་ཁང་གི་ལས་བསྡོམས་སྒྲོགས་སྦྱང་གནང་བར་ས་གནས་འཐུས་མི་རྣམས་ཀྱིས་དོགས་འདྲི་དང་། ས་གནས་འགོ་འཛིན་ལས་ཁང་གི་རྩིས་ཁྲ་སྒྲོགས་སྦྱང་བྱས་པ་དང་འབྲེལ་སྔོན་རྩིས་བཀའ་ཁྲོལ་གནང་ཡོད་པ་རེད། 2012_3_23_hunsur1ས་གནས་འཐུས་མིའི་ཚོགས་གཙོ་རྫོང་དཀར་རྡོ་རྗེས་ས་གནས་འཐུས་མིའི་ཚོགས་འདུའི་ལས་དོན་གལ་ཆེ་ཤོས་ཤིག་ནི་ས་གནས་འགོ་འཛིན་ལས་ཁང་གི་སྔོན་རྩིས་སྟངས་འཛིན་གནང་རྒྱུ་དེ་ཡིན་པ་དང་། ས་གནས་འགོ་འཛིན་ལས་ཁང་གིས་ས་འཐུས་སུ་འགན་ཁུར་དགོས་པ་བཅས་རེད་ཅེས་གསུངས་སོང་། ས་གནས་འགོ་འཛིན་ཡེ་ཤེས་ཆོས་སྒྲོན་གྱིས་ཁོང་གིས་ས་གནས་འགོ་འཛིན་བྱས་ནས་ལོ་གཉིས་འགྲོ་ཡི་ཡོད། བོད་གཞུང་གིས་ས་གནས་ཚང་མ་མང་གཙོའི་ལམ་ལུགས་སུ་བསྐྱོད་རྒྱུ་ལག་བསྟར་གནང་བ་ཞིན་ཚང་མས་ལག་བསྟར་བྱེད་ཀྱི་ཡོད་རེད། ང་རང་གི་ལོ་གཉིས་ཀྱི་མཉམ་མྱོང་ལས་ས་གནས་འཐུས་མིའི་ཚོགས་འདུའི་ཐོག་སྔོན་རྩིས་བཀའ་ཁྲོལ་ཞུ་རྒྱུ་དང་། ཁྲིམས་སྒྲིག་བཞིན་འགྲོ་རྒྱུ་དེ་ཡག་པོ་མཐོང་སོགས་ཞེས་གསུངས་སོང་།

གཞན་ཡང་ཧོན་སུར་ས་གནས་འཐུས་མིའི་ཚོགས་གཙོར་ས་གནས་འཐུས་ཚོགས་ཐོག་དམིགས་བསལ་བོད་དོན་དང་འབྲེལ་བའི་གྲོས་ཆོད་བྱུང་ཡོད་མེད་སྐོར་བཀའ་འདྲི་ཞུས་པར། ཁོང་གིས་དེ་འདྲ་བྱུང་མེད། གང་ཡིན་ཟེར་ན་བོད་གཞུང་བཀའ་སྤྱི་གཉིས་ཀྱི་ངོས་ནས་བོད་ཀྱི་ཛ་དྲག་གི་གནས་ཚུལ་ཐད་གྲོས་ཆོད་དང་ལས་རིམ་མང་པོ་འགྲོ་བཞིན་ཡོད་པ་རེད། དེ་ལས་དམིགས་བསལ་ས་གནས་ནས་ཟུར་དུ་དགོས་པ་མཐོང་མ་སོང་ཞེས་གསུངས་སོང་།

ཧུན་སུར་རབ་རྒྱས་གླིང་ས་གནས་ཐུས་མིའི་ཚོགས་འདུ་ནི་ཕྱི་ལོ་ ༡༩༨༢ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དོན་བརྒྱད་པའི་དགོངས་དོན་འོག་གསར་འཛུགས་གནང་ཡོད་པ་དང་།  ཚོགས་འདུའི་འགྲོ་ལུགས་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་མཐུན་པར་ལོ་རེ་ལ་གཡར་ཚོགས་རེ་དང་དགུན་ཚོགས་རེ་འཚོགས་སྟེ། ས་གནས་འགོ་འཛིན་ལས་ཁང་གི་སྔོན་རྩིས་བཀའ་ཁྲོལ་དང་། སྒྲིག་གཞི་གཏན་འབེབས། ས་གནས་མི་མང་གི་བདེ་སྡུག་སྐོར་གོ་བསྡུར་གནང་བ་སོགས་ཀྱི་ལས་དོན་གནང་གི་ཡོད་འདུག་ལ། ད་ལྟའི་སྐབས་ས་གནས་འཐུས་མིའི་ཚོགས་འདུའི་ནང་ཚོགས་མི་མི་གྲངས་ ༡༣ འདུག

མེ་སོར་གསར་འགོད་པས།