༄༅།། ལྷོད་ལ་བབ་པའི་སེམས་པ་ནམ་ཞིག་རེད།

རྒྱང་རིང་ནས་མཆེད་ཡོང་བའི་མེ་ལྕེ་ཇི་བཞིན་སེམས་འཚབ་ཀྱི་བཞུར་རྒྱུན་དྲག་ཏུ་མཆེད།

འཛད་མཐའ་མེད་པའི་དུང་བ་རེ་རེས་བྲང་གཞུང་གསོན་སྲེག་བྱས།

ཕྱི་རོལ་གྱི་བྱ་དངོས་ཡོད་ཚད་མི་སེམས་སྲེག་པའི་ལག་ཆ་རུ་གྱུར།

རང་བྱུང་ཁམས་ཀྱི་ཡུལ་ཚོ་སྣང་མེད་དུ་བཞག་ཏེ་ལྷིང་འཇགས་ལྡན་པའི་ཡུལ་ཞིག་རྙེད་ན་འདོད།

སྨུག་སྒྱུའི་སྙིང་པོ་ཟེར་པ་དེས་གོ་དོན་གཞི་ནས་རྟོགས་སོང་།

ཤོག་སྙུག་གི་ཚེ་སྲོག་ལ་འཇུ་དེས་མི་ཚེའི་ཕུགས་བསམ་གླེང་ན་འདོད།

མི་ཡུལ་ནི་ཇི་འདྲའི་གྲང་རླུང་རྒོད་ཀྱང་ངའི་ལོ་རྒྱུས་དེ་ནམ་ཡང་བསུབ་མི་ཐུབ། 

ལས་དབང་གི་གདོང་ན་འགྲེང་བའི་མི་རྐྱང་ང་སེམས་ཚོར་གྱི་སྲོག་སྙིང་གཞན་ལ་སྤྲད་མི་ཐུབ།

བརྗེད་དཀའ་བའི་བརྩེ་དུང་གི་གསང་བ་རེ་རེས་ཚོར་ཤེས་རབ་རིབ་ལ་བསྒྱུར།

སྔུག་བསྔལ་གྱིས་མནར་ཟིན་པའི་ལོ་དེ་སླར་ཡང་ཁྲག་རྩ་ནས་བཞུར།

ལྷང་ལྷང་གི་སྐྱོ་ཤས་རྫོགས་མེད་བྲག་གཞུང་ནས་ཤག་ཤག་ལྡང་།

སྐྲག་སྣང་དང་མུན་ནག་གི་སྤྲིན་གསེབ་ན་ཁེར་རྐྱང་འདར་སིག་སིག།

གཉིད་ལ་ཡུར་ཐབས་བྱས་ཀྱང་རླུང་འཚབ་ཀྱིས་འུར་ཆ་ལེ་བཏང་།

ལྡུམ་རྭ་ཆུང་ཆུང་གི་ཉེ་འཁྲིས་ནས་ཁེར་འབུད་གྱིས་སྐྱོ་གཞས་ཐོལ་གྱིས་ཤོར།

ཉམས་རྒུད་དུ་ཡུལ་ལུང་ཞིག་སེམས་སུ་ལྷུང་།

ངའི་སེམས་ཁམས་སྟོན་དུས་ཀྱི་སྤྲིན་ཆར་དང་མཚུངས།

ཤང་ཤང་རྣ་བར་ཐོས་པའི་ཆུ་ཕྲན་དེས་མཁའ་དབྱིངས་སུ་འཕུར་འདོད་ཆེ།

ངའི་སེམས་པ་རྩྭ་ཐང་དང་གཙང་བོའི་ངོགས་སུ་འཐིམ།

གནམ་གཤིས་ཀྱི་འགྱུར་ལྡོག་དང་དུས་བཞིའི་རྨི་ལམ་ལང་ལོང་གིས་ང་ཕྱིར་འཕུད་བཏང་།

སྤྲོ་སྣང་དང་བདེ་སྐྱིད་ཀྱི་འཛུམ་དཀར་མཐའ་མེད་ཀྱིས་ཕྱོགས་སུ་བསྡུས།་

མཁའ་དབྱིངས་ཀྱི་ཉི་གཞོན་དང་ནགས་ཚལ་སྟུག་པོའི་དྲོད་སྣང་ནམ་ཡང་བརྗེད་མི་སྲིད།

ཁེར་རྐྱང་གི་སེམས་གཞས་དྲོན་མོ་ཁྱེད་ཚོ་ཡིན་པར་སེམས་སུ་ཉལ་ཡོད།

འཚང་ཁ་ཤིག་ཤིག་གི་འཇིག་རྟེན་འདི་ང་དང་ངའི་འཐབ་གྲོགས་ཚོའི་གཞས་ཁྱིམ་ཡིན་པར་སེམས།

་འོན་ཀྱང་དྭངས་གཙང་གི་སེམས་པ་ཆུ་རུ་གཡུགས་མཁན་ཡང་འཇིག་རྟེན་འདི་ཁོ་ན་ཡིན་པར་སྙམ།

 དྲི་ཞིམ་བར་མེད་ལྡང་སའི་མཚོ་འགྲམ་དང་མེ་ཏོག་གི་ཕོ་བྲང་ན་ངའི་སེམས་གསོའི་ལྷ་ཆབ་དྭངས་མོ་ཡོད།

མེ་ཏོག་གི་ལྷུམ་རྭ་ནས་གསོལ་ཆང་གི་བཟི་ཁ་མྱོང་ན་འདོད། 

དེས་ཕྱིར་རྒྱང་རིང་གི་ལྷིང་འཇགས་ཤིག་ལ་རོལ་འདོད་ཡོད། 

མི་སེམས་ཀྱི་ཚོར་བ་དེ་ནམ་ཡང་དཔག་མེད་ཡིན་པར་དེ་རིང་ངོས་ཟིན་བྱུང་།

རི་ངོགས་ཀྱི་དྲན་འཆར་རེ་རེ་སེམས་སུ་ཤག་

ཤག་འཇོ། ཁུ་སིམ་དང་དབེན་རིའི་གཏན་རྒྱུད་གསལ་པོར་སེམས་ལ་ཡང་ཡང་འཁོར།

ལྷུང་ལྷུང་ཏུ་འཕྱུར་བའི་བྲག་སྟེང་གི་ཆུ་ཕྲན་དྭངས་མོའི་ངའི་སེམས་པ་གཙང་མར་བཟོས།  

འཆར་ཡན་གྱི་ཀློང་ནས་འཕོས་པའི་ཚོར་འདུ་དབེན་འཇགས་ཀྱིས་རི་ལ་ཕབ་སྙིང་ཤོར།

ཆག་གྲུབ་དང་ལོ་ཟླའི་ན་ཟུག་གྲངས་མེད་དབེན་རི་ནས་གྱེར་སྙིང་འདོད།

ཉི་འོད་མི་མཐོང་བའི་རྡོ་སྲུབས་ཀྱི་ངོགས་སུ་མིག་ཆུ་དང་འཁུན་སྒྲའི་ལོ་ཟླ་དེ་བས་མོད།

དབུགས་ཀྱི་རྔུབ་གཏོང་ཁྲོད་ནས་སྣང་ཤས་དམར་པོའི་སྐྱོ་གླུ་ཐོལ་གྱིས་བླངས།

མེ་འོད་ཀྱི་འོད་སྣང་སྒུམ་བཞིན་ད་དུང་ད་དུང་་་་་་་་་་་་་་་་་་

བོད་ཀྱི་རྒྱལ་ས་གཉིས་པ་རྡ་རམ་ས་ནས་དཔལ་ཤུལ་བསོད་ནམས་ཕུན་ཚོགས་སམ་

གསེར་འབྲོངསྲས་ཀྱིས་སུག་བྲིས་བགྱིས་སོ།  ༢༠༡༣  ༣  ༢༤