རྒྱ་ནག་གི་རྒྱལ་དར་འཕྱར་ན་འགྲིག་གམ།

སྤྲུལ་འཁོར་སྐལ་བཟང་དོན་ལྡན།
༄༅། །སྤྱི་ལོ་ ༡༩༤༩ ཟླ་ ༡༠  ཚེས་ ༡ ཉིན་རྒྱ་ནག་གུང་ཁྲན་ཏང་དངོས་སུ་བཙུགས་ཏེ་གཙོ་འཛིན་མའོ་ཙེ་ཏུང་གིས་ད་ནས་བཟུང་རྒྱ་ནག་མི་དམངས་ཡར་ལངས་ཟིན་པའི་ཁྱབ་བསྒྲགས་བྱས་པ་དང་སྦྲགས་བོད་དང་ཐེ་ཝན་གཉིས་གང་མགྱོགས་བཅིངས་འགྲོལ་གཏོང་རྒྱུའི་གཏམ་བཤད་སྤེལ་བ་རེད། དེ་ནས་བཟུང་ཕྱི་ལོ་ ༡༩༥༠ ལོ་ནས་བཟུང་སྟེ་བོད་ཤར་ཕྱོགས་ཁུལ་དུ་རྒྱ་མིའི་བཙན་འཛུལ་སླེབས་པ་ཙམ་མ་ཟད་ཕྱི་ལོ་ ༡༩༥༩ བོད་གཞུང་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་སུ་ཡོད་པའི་ས་ཁུལ་སོགས་མདོར་ན་བོད་ས་ཡོངས་རྫོགས་རྒྱ་ནག་བཅིངས་གྲོལ་དམག་ཟེར་བས་དྲག་པོས་བཙན་འཛུལ་བྱས་པ་རེད།

ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་ལག་ཏུ་ཤོར་བར་བརྟེན་༸ གོང་ས་སྐྱབས་མགོན་༸ རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གི་གཙོས་པའི་བོད་གཞུང་དང་། བོད་མི་མང་དག་གཅིག་རྒྱ་གར་དུ་རེ་ཞིག་སྐྱབས་བཅོལ་དུ་མ་ཕེབས་ཀ་མེད་ཀྱི་གནས་སུ་གྱར།    ཕྱི་ལོ་ ༡༩༦༦ ནས་ ༡༨༧༦ བར་བོད་དུ་རིག་གནས་གསར་བརྗེ་ཆབ་སྲིད་ཀྱི་ལས་འགུལ་བསླངས་པར་བརྟེན་བོད་ས་ཡོངས་སུ་མངའ་དག་ཆེན་པོ་གསུམ་དང་། བླ་ཆེན། མི་དྲག གྲྭ་བཙུན། ཤེས་ཡོན་ཅན། མཁས་པ། མི་དམངས། དེ་བཞིན་དགོན་སྡེ་དང་། གཙུག་ལག་ཁང་། མཆོད་རྟེན། ལྷ་ཁང་ལ་སོགས་པའི་བོད་གནའ་རབས་ཀྱི་ཆེས་རྩ་ཆེའི་རིན་ཐང་བྲལ་བའི་བོད་བརྒྱུད་ནང་བསྟན་གྱི་ཆོས་དང་། རིག་གནས། སྒྱུ་རྩལ་སོགས་ཕལ་ཆེ་བ་རྩ་ཐོར་དུ་བཏང་ཡོད།

དེ་དག་གི་ཁྲོད་དུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་སྡེ་ ༦༠༠༠ ལྷག་བཏོར་བཤིགས་བཏང་བ་དང་།  རྩ་ཆེའི་སྐུ་འདྲ་གྲངས་ལས་འདས་པ་ཞིག་བཏོར་བཤིགས།  ༸ རྒྱལ་བའི་བཀའ་འགྱུར་དང་། བསྟན་བཅོས་སོགས་བོད་ཀྱི་ཐུན་མོང་མ་ཡིན་པའི་རྩ་ཆེའི་རིག་གནས་མང་དག་གཅིག་མེར་སྲེག་བཏང་བ།  དེ་བཞིན་བོད་མི་ས་ཡ་དྲུག་ལ་སྔར་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་བཀྲེས་ལྟོགས་དང་། མནར་གཅོད། སྡུག་སྦྱོང་། བཀོལ་སྤྱོད། བཙན་གནོན།  ནག་ཉེས་བསྐྱེལ་བ། བཙོན་འཇུག་བྱས་པ་སོགས་ཚད་ལས་འདས་པ་ཞིག་བཏང་བར་བརྟེན་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་གི་གཅེས་པའི་ཚེ་སྲོག་ཤོར་ཡོད།

བོད་ས་ཡོངས་རྫོགས་རྒྱ་མིས་བཙན་འཛུལ་བྱས་པ་ནས་བཟུང་སྟེ་ད་བར་འདས་པའི་མི་ལོ་དྲུག་ཅུ་ལྷག་གི་རིང་བོད་ཀྱི་ཁོར་ཡུག་བཏོར་བཤིགས་དང་། བོད་མིར་མནར་གཅོད། བཙོན་འཇུག་བྱས་པ།  ད་དུང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སློབ་གསོའི་ཟེར་བའི་འོག་ནས་ཉེ་བའི་ལོ་ཤས་སྔོན་ནས་བོད་ཀྱི་ཁམས་དང་། ཨ་མདོ། དབུས་གཙང་སོགས་ཀྱི་གྲོང་འཁྱེར་དང་། ས་ཁུལ། རྫོང་།  གྲོང་བརྡལ། ཤང་། ཐ་ན་གྲོང་གསེབ་ཁུག་ཀྱོག་དེ་ཚོའི་དུད་ཚང་རེ་རེའི་ཁྱིམ་གྱི་ཐོག་ཁར་མི་འདོད་བཞིན་དུ་རྒྱ་ནག་གི་སྐར་ལྔའི་དར་དམར་དེ་ཨུ་ཚུགས་བྱས་ཏེ་བྱུང་ན་གཅིག་དང་། མ་བྱུང་ན་གཉིས་བྱས་ཏེ་བཙན་འགེལ་བྱས་དང་བྱེད་བཞིན་ཡོད་པ་དེ་ཕྱི་རྒྱལ་ཡུལ་བསྐོར་སྤྲོ་འཆམ་བ་དང་། ཉམས་ཞིབ་པ། ཕྱི་ནང་གི་བོད་མི་འགྲོ་འོང་བྱེད་མཁན་ཚང་མས་མིག་མཐོང་ལག་ཟིན་དུ་གྱུར་ཡོད།

འདི་ཕྱོགས་སུ་བཙན་བྱོལ་དུ་ཡོད་པའི་དམངས་གཙོ་དང་རང་དབང་ཅན་གྱི་ལུང་པར་གནས་པའི་བོད་རིགས་སྤུན་ཟླ་འགའ་ཤས་ཤིག་གི་དམངས་གཙོ་དང་རང་དབང་ལ་ལོངས་སུ་སྤྱོད་འཁུལ་བྱས་ཏེ་ད་ལྟའི་བོད་ཀྱི་རྩ་དོན་གྱི་ལྟ་གྲུབ་གཉིས་ཕན་དབུ་མའི་ལམ་ཟེར་བ་དེར་བརྒྱབ་སྐྱོར་ཡོད་པའི་རྣམ་པའི་ཐོག་ནས་རྒྱ་ནག་གུང་ཁྲན་ཏང་གི་དར་དམར་དེ་ཡར་སྐལ་བཟང་མཐོན་པོར་བསྒྲེངས་དང་སྒྲེང་བཞིན་ཡོད།

འོ་ན་གཉིས་ཕན་དབུ་མའི་ལམ་ཡིན་ཟེར་ནས་ཏང་གི་དར་དམར་དེ་ཡར་དགའ་སྤྲོའི་ངང་འཕྱར་ཆོག་གི་ཡོད་ན་དབུ་མའི་ལམ་ཡིན་ཟེར་དེ་ཏང་གི་ཏང་ཡོན་ཞིག་བྱས་ན་འགྲིག་གམ། དབུ་མའི་ལམ་ཡིན་ཟེར་ནས་ཏང་གི་ལས་དོན་གཉེར་ན་འགྲིག་གམ།  དབུ་མའི་ལམ་ཡིན་ཟེར་ནས་ཏང་གི་གླ་ཕོག་ཟ་ན་འགྲིག་གམ།  དབུ་མའི་ལམ་ཡིན་ཟེར་ནས་གང་བྱུང་རང་སྣང་གང་དྲན་བྱས་ན་འགྲིག་གམ། ཡང་སྙིང་མདོར་ཧྲིལ་གྱི་བསྒྲིལ་ཏེ་བཤད་ན་རྒྱ་ནག་གི་སྐར་ལྔའི་དར་དམར་འདིའི་འོག་ནས་བོད་ས་ཡོངས་རྫོགས་དྲག་པོས་བཙན་འཛུལ་བྱས་ཡོད་པ་གཅིག བོད་རིགས་མི་དམངས་ས་ཡ་གཅིག་དང་འབུམ་གཉིས་ལྷག་གི་ཚེ་སྲོག་ཤོར་བ་དང་གཉིས།  ༸ གོང་ས་རྒྱལ་བ་རིན་པོ་ཆེས་དབུ་འཁྲིད་པའི་འོག་བོད་རིགས་ཆིག་འབུམ་ལྔ་ཁྲི་ལྷག་གཅིག་མི་ལོ་ལྔ་བཅུའི་རིང་རང་ཡུལ་བཞག་སྟེ་མི་ཡུལ་དུ་སྐྱབས་བཅོལ་གནང་དགོས་བ་དང་གསུམ།  ཤ་དང་རུས་པའི་འབྲེལ་ཐག་དམ་པོར་བཅིངས་པའི་བོད་མི་ཞིག་ཡིན་པ་དང་ལྔ་བཅས་ཀྱི་ཐོག་བལྟས་ན་ད་དུང་ཁྱེད་ཀྱི་བསམས་ན་ཏང་དར་དམར་པོ་དེ་རང་གི་མགོ་སྟེང་ཡར་འཕྱར་ན་འགྲིག་གམ།

ད་ལྟའི་འཆར་བཞུགས་སྒར་རྡ་སར་གྲོས་ཚོགས་འཚོགས་བཞིན་ཡོད་པ་དང་གྲོས་ཚོགས་འཐུས་མི་འགས་ཀྱང་རྒྱ་ནག་གི་རྒྱལ་དར་ཡར་འཕྱར་ན་མི་འགྲིག་པའི་དགོངས་ཚུལ་བཏོན་བཞིན་ཡོད་པ་མཐོང་ཐོས་བྱུང་བར་ཡིད་རངས་དང་བསྔགས་པའི་འོས་སུ་གྱུར་ཡོད།   ད་དུང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཡང་ཡང་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བའི་ཚུལ་དེ་རིང་ཁ་སང་གསུངས་དང་གསུང་བཞིན་ཡོད་སྟབས་གཉིས་ཕན་དབུ་མའི་ལམ་གྱི་ལྟ་གྲུབ་དེ་ལའང་བོད་དང་བོད་རིགས་མི་དམངས་ས་ཡ་དྲུག་གི་མངོན་འདོད་དང་།  རེ་བ། རྩ་དོན་བཅས་པའི་ལངས་ཕྱོགས་དང་མཐུན་པར་དེར་ཚད་དང་མཚམས་ཞིག་ངེས་པར་ཡོད་དགོས་པར་སེམས་སོ།།  །།

སྤྱི་ལོ་ ༢༠༡༣། ཟླ་ ༣། ཚེས་ ༢༢ ལ།།