བོད་ཀྱི་སྲོལ་རྒྱུན་ཟློས་གར་ཨ་ཅེ་ལྷ་མོའི་འཁྲབ་སྟོན།

ajanglhamo1ཟླ་འདིའི་ཚེས་ ༢༤ ནས་ཉིན་བཞིའི་རིང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་༧རྒྱལ་བའི་ཕོ་བྲང་མདུན་ཐང་དུ་སྦེལ་ཀོབ་ལྷ་མོ་ཚོགས་པས་བོད་མི་གཞོན་སྐྱེས་ཚོར་བོད་ཀྱི་སྲོལ་རྒྱུན་རིག་གཞུང་ལྷ་མོའི་ཟློས་གར་གྱི་གོ་རྟོགས་སྤེལ་ཆེད་ཨ་ཅེ་ལྷ་མོའི་འཁྲབ་སྟོན་བྱེད་བཞིན་ཡོད་པ་རེད།

དེ་ཡང་སྦེལ་ཀོབ་ལྷ་མོ་ཚོགས་པའི་ཚོགས་གཙོ་རྣམ་རྒྱལ་གྱིས་གསར་འགོད་པར་གསུངས་དོན། “ང་ཚོས་༧གོང་ས་མཆོག་གི་བཀའ་དགོངས་བཞིན། བོད་ཀྱི་སྲོལ་རྒྱུན་ཟློས་གར་ལྷ་མོའི་སྒྱུ་རྩལ་ནི་བོད་ཀྱི་རིག་གཞུང་ཐམས་ཅད་ཀྱི་རྩ་བ་ལྟ་བུ་ཞིག་ཡིན་པའི་བསམ་བློའི་འདུ་ཤེས་ཀྱིས། རིག་གཞུང་དེ་མི་ཉམས་རྒྱུད་འཛིན་ཡོང་ཆེད་དང་། བོད་ཀྱི་གཞོན་སྐྱེས་ཚོར་ལྷ་མོའི་ཟློས་གར་གྱི་གོ་རྟོགས་སྤེལ་ཐབས་སུ་ལོ་ལྟར་ འཁྲབ་སྟོན་བྱེད་ཀྱི་ཡོད། ད་ལོར་ཡང་ཧུན་སུར་རབ་རྒྱས་གླིང་དུ་ཟླ་འདིའི་ཚེས་༡༩ ཉིན་བཞི་རིང་ལ་འཁྲབ་སྟོན་ཞུས་པ་ཡིན་ལ། ད་ལྟ་སྦེལ་ཀོབ་དུ་ཉིན་བཞིའི་རིང་ལ་གཟུགས་ཀྱི་ཉི་མ་དང་། འགྲོ་བ་བཟང་མོ། གཅུང་པོ་དོན་ཡོད་དོན་འགྲུབ། ཆོས་རྒྱལ་ནོར་བཟང་བཅས་ཀྱི་རྣམ་ཐར་འཁྲབ་སྟོན་བྱེད་ཀྱི་ཡོད་”ཅེས་གསུངས་སོང་།

ajanglhamo2གཞན་ཡང་སྦེལ་ཀོབ་ལྷ་མོའི་འགན་ཁུར་བ་རྣམ་ཟུར་རྡོ་རྡོས་གསུངས་དོན། “བོད་ཀྱི་ལྷ་མོའི་སྒྱུ་རྩལ་ནི་༧གོང་ས་མཆོག་གིས་ཐུགས་མཉེས་པོ་གནང་སའི་བོད་ཀྱི་རིག་གཞུང་ཞིག་རེད་ལ། ༧གོང་ས་མཆོག་གིས་‘བོད་ཀྱི་ལྷ་མོའི་ཟློས་གར་ནི་མི་རིགས་གཞན་པ་སུ་གང་གིས་ཀྱང་ལད་མོ་ཙམ་ཡང་བྱེད་མི་ཐུབ་པའི་རྣམ་ཐར་གྱི་ཁྱད་ཆོས་ལྡན་པའི་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་དང་།ajanglhamo3 དེང་སྐབས་ང་ཚོ་རྒྱ་གར་ལ་སྐྱེས་པའི་ཕྲུ་གུ་གཞོན་གཞོན་ཚོ་ལྷ་མོ་འཁྲབ་ཀྱི་ཡོད་རེད་ཟེར་ན་དོ་སྣང་མེད་པ་འདྲ་པོ་ཡོང་གི་འདུག  དོ་སྣང་མེད་པ་དེར་དོ་སྣང་མི་འདུག་ཟེར་ནས་ང་ཚོས་གཡུག་བཞག་པ་མ་ཡིན་པར། དོ་སྣང་མེད་ས་དེར་དོ་སྣང་སླེབས་པ་ཞིག་དང་། དོ་སྣང་ཡོད་པ་ཞིག་ང་ཚོས་བཟོ་དགོས་ཀྱི་འདུག་”ཅེས་བཀའ་སློབ་ལམ་སྟོན་གནང་ཡོད་པར་བརྟེན། ང་ཚོ་སྦེལ་ཀོབ་ལྷ་མོ་ཚོགས་པའི་ངོས་ནས་གཞིས་ཆགས་ཁག་གི་ནང་དུ། བོད་ཀྱི་གཞོན་སྐྱེས་ཚོར་སྲོལ་རྒྱུལ་ལྷ་མོའི་སྒྱུ་རྩལ་ཟློས་གར་ལ་དོ་སྣང་སླེབས་ཐབས་སུ་འབད་བརྩོན་བྱེད་ཀྱི་ཡོད་”ཅེས་གསུངས་སོང་།

གསར་འགོད་པ་སྦེལ་ཀོབ་གཞིས་སྤྱིའི་༧རྒྱལ་བའི་དུ་ཨ་ཅེ་ལྷ་མོའི་འཁྲབ་སྟོན་བྱེད་སར་ཕྱིན་སྐབས་འགྲོ་བ་བཟང་མོའི་རྣམ་ཐར་ཞིག་འཁྲབ་བཞིན་འདུག་ལ། ལྟད་མོ་བ་ ༣༠༠ མ་ཟིན་ཙམ་ཡོད་པའི་མང་ཆེ་བ་རྒན་རབས་ཁོ་ན་རེད་འདུག །

མེ་སོར་གསར་འགོད་པས།