༧གོང་ས་མཆོག་གིས་སྟོན་པའི་སྐུ་བརྙན་ལ་རབ་གནས།
༧གོང་ས་མཆོག་གིས་ལྡི་ལིར་མཛད་འཕྲིན་ཁག་ཅིག་ལེགས་པར་གྲུབ་སྟེ་འབྲས་ལྗོངས་མངའ་སྡེའི་གཞུང་གིས། ར་ཝང་ས་གནས་སུ་གསར་དུ་བཞེངས་པའི་སྟོན་པའི་སྐུ་བརྙན་ལ་རབ་གནས་དང་འབྲེལ་ས་གནས་མང་ཚོགས་ལ་བཀའ་སློབ་གནང་ཡོད་པ་རེད་འདུག
དེ་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མའི་ཀུན་ཕན་ཐེབས་རྩ་ཁང་གིས་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ པའི་ཐོག་༧གོང་ས་མཆོག་གིས་ (Taj Hotel) ཏ་ཇེ་གསོལ་མགྲོན་ཁང་དུ། ལྡི་ལིའི་ཉེར་འཁོར་གྱི་སློབ་གྲྭ་ཁག་བཅུ་གཅིག་ཙམ་ནས་ཆེད་བཅར་ཞུས་པའི་རྒྱ་གར་གྱི་སློབ་དགེ་དང་སློབ་མ་༢༧༠ བརྒལ་བར་ཆོས་ལུགས་རིས་མེད་ཀྱི་བསླབ་བྱ་དང༌། མི་ཡ་རབས་བཟང་པོ་ཞིག་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་དང་། དེ་བཞིན་ཕྱི་ཚེས་༢༣ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཏ་ཇི་མ་ཧཱ་གསོལ་མགྲོན་ཁང་དུ། སློབ་ཕྲུག་ཁག་གཅིག་ལ་ལོ་ངོ་ཆིག་སྟོང་གོང་གི་རྒྱ་གར་གྱི་འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་བའི་གོམས་གཤིས་གལ་ཆེན་པོ་ཡིན་སྐོར་གྱི་བཀའ་སློབ་གནང་བ་སོགས། ལྡི་ལིར་མཛད་འཕྲིན་ཁག་ཅིག་ལེགས་པར་གྲུབ་མཚམས་ཕྱི་ཚེས་༢༤ ཉིན་འབྲས་ལྗོངས་སུ་ཞབས་སོར་བདེ་བར་འཁོད་ཡོད་པ་དང་།
ཟླ་འདིའི་ཕྱི་ཚེས་༢༥ ཉིན་༧གོང་ས་མཆོག་གིས་འབྲས་ལྗོངས་མངའ་སྡེའི་གཞུང་གིས་ར་ཝང་ས་གནས་སུ་གསར་བཞེངས་གནང་བའི་མཐོ་ཚད་ཕི་ཊི་༡༣༥ ལྡན་པའི་སྟོན་པའི་སྐུ་བརྙན་ལ། འཕགས་པ་རྡོ་རྗེ་གཞོན་ནུའི་སྒོ་ནས་རབ་གནས་དང་དེའི་མཐའ་འཁོར་དུ། གསར་བཞེངས་གནང་བའི་སྟོན་པའི་སྐྱེད་མོས་ཚལ་ (Buddha Park) དབུ་འབྱེད་དང་འབྲེལ་མཛད་སྒོར་ཆེད་བཅར་ཞུས་པའི་དད་ལྡན་མི་མང་རྣམས་ལ་ལམ་སྟོན་བཀའ་སློབ་སྩལ་དོན། དེ་རིང་འདི་གར་སྟོན་པའི་སྣང་བརྙན་བྱིན་རླབས་ཀྱི་གཟི་འོད་འབར་བ་འདི་ལྟ་བུ་ཞིག་གསར་བཞེངས་གནང་བ་རེད། གནས་ཀྱི་ཁྱད་པར་དང་འབྲེལ་ནས་པཎ་ཆེན་རྡོ་རྗེའི་གཞོན་ནུའི་སྒོ་ནས་རབ་གནས་བྱ་རྒྱུ་ཡིན། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པ་ཝན་ལྕམ་ལིང་ངེད་གཉིས་ངོ་ཤེས་རྙིང་པ་རེད། ཁོང་གིས་སྐུ་བརྙན་འདི་ལྟ་བུ་བཞེང་རྒྱུར་ཐུགས་འཁུར་བསྐྱེད་རྒྱུ་དང་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པར་ཁོང་གིས་དམིགས་བསལ་དོ་སྣང་གནང་བར། ངོས་རང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་ཡིན་པའི་ཆ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་།
ཡང་ཁོང་གིས་ལྷག་བསམ་བཟང་པོ་ཞིག་དང་གཞན་ཕན་གྱི་བསམ་པ་རྒྱ་ཆེན་པོ་ཞིག་གི་ཐོག་ནས་བཞེངས་གནང་བ་རེད། དེར་བརྟེན་ཁོང་གི་ལྷག་བསམ་དང་རེ་འདུན་གང་ཡོད་པ་རྣམས་བདེ་བླག་ཉིད་དུ་བསྒྲུབ་པའི་སྨོན་ལམ་ཡོད། སྤྱིར་བཏང་ཡུལ་ལུང་ག་པར་ཡིན་རུང་མི་རིགས་སོ་སོའི་རིག་གཞུང་དང་གོམས་གཤིས་ནང་ས་ཁུལ་དེར་ཡོད་པའི་ཆོས་ལུགས་ཀྱི་ཤུགས་རྐྱེན་ཡོད་པ་ཧ་ཅང་གསལ་པོ་རེད། དེ་རིང་འདི་ག་འབྲས་ལྗོངས་ལ་ཆ་བཞག་ནའང། གོམས་གཤིས་དང་རིག་གཞུང་དེ་དག་གི་ནང་དུ་ཆོས་ལུགས་ཀྱི་ཤུགས་རྐྱེན་ཡོད་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་འབྲས་ལྗོངས་ནང་ལ་སྒེར་པ་སོ་སོའི་ངོས་ནས་ནང་པ་དང་། ཧིན་རྡུ། ཡི་ཤུ། ཕལ་ཆེར་ཁ་ཆེ་བྱེད་མཁན་ཡོང་ངེས་རེད། གང་ལྟར་ཆོས་ལུགས་འདྲ་མིན་བྱེད་མཁན་ཡོང་གི་རེད། འོན་ཀྱང་འབྲས་ལྗོངས་སྤྱི་ཡོངས་ཀྱི་ཆ་ནས་བཤད་ན་ནང་ཆོས་ཆགས་ཀྱི་ཡོད་ཅེས་དང།
མཐར་ཁོང་གིས་གོམས་གཤིས་དང་རིག་གཞུང་སེམས་ཀྱི་ཡོན་ཏན་དེ་དག་ལ་སློབ་སྦྱོང་བྱས་ན་ཁེ་ཕན་ཡོད་པ་མ་ཟད། དེས་མིའི་སེམས་ལ་དཀའ་ངལ་འཕྲད་སྐབས་དཀའ་ངལ་སེལ་རྒྱུར་ཕན་ཐོགས་ཡོད་པའི་གནས་ཚུལ་ཤེས་ན། སངས་རྒྱས་པའི་ཆོས་དང་འབྲེལ་བའི་རིག་གཞུང་དེ་མི་ཚེའི་ནང་ཕན་ཐོགས་འདུག་བསམ་པ་ལྟ་བུ་ཡོང་གི་རེད། དེར་བརྟེན་རིག་གཞུང་ཞེས་སེམས་ནང་གི་ཡོན་ཏན་ཉར་ཚགས་བྱེད་སྟངས་དེ་རྒྱུ་མཚན་དང་དགོས་པ་མཐོང་བའི་སྒོ་ནས་བདག་གཅེས་བྱ་རྒྱུ་ཞིག་བྱུང་ན་ཕན་ཐོགས་ཡོང་གི་རེད། དེར་བརྟེན་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་རེད།
ཐེངས་འདིའི་སྟོན་པའི་སྣང་བརྙན་དབུ་འབྱེད་མཛད་སྒོར་འབྲས་ལྗོངས་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་བི་པི་སིང་མཆོག་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པ་ཝན་ལྕམ་གླིང་མཆོག གྲོས་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་རྣམས་གཉིས། དེ་བཞིན་མངའ་སྡེའི་བློན་ཆེན་ཁག་དང་གཞུང་ཞབས་གནད་ཡོད་ཁག དད་ལྡན་མང་ཚོགས་ཁྲི་ཚོ་བརྒལ་བ་མཉམ་འཛོམས་བྱས་ཡོད་པ་རེད།
ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཐོག་མགོན་པོ་གང་ཉིད་མཆོག་གིས་ར་ཝང་ཁུལ་དང་། འབྲུག འབྲས་ལྗོངས་ཀྱི་མངའ་སྡེ་ཁག ཀ་ལོན་སྦུག རྡོ་གླིང་སོགས་ནས་ཆེད་བཅར་ཞུས་པའི་དད་ལྡན་ཆོས་ཞུ་བ་༡༠༠༠༠ བརྒལ་བར་ལག་ལེན་སོ་བདུན་མའི་བཀའ་ཆོས་དབུ་འཛུགས་མཛད་ཡོད་པ་རེད་འདུག་ལ།
ཐེངས་འདིར་༧གོང་ས་མཆོག་འབྲས་ལྗོངས་ལ་ཆིབས་བསྒྱུར་བསྐྱངས་ཐེངས་བདུན་པ་དེ་ཆགས་ཡོད་པ་དང་། དེ་ཡང་ཐེངས་དང་པོ་ཕྱི་ལོ་༡༩༥༦ ལོར་སྟོན་པ་མྱ་ངན་ལས་འདས་ཏེ་ལོ་༢༥༠༠ འཁོར་བའི་དུས་སྟོན་སྐབས་འབྲས་ལྗོངས་བརྒྱུད་རྒྱ་གར་ལ་ཆིབས་སྒྱུར་བསྐྱངས་ཡོད་པ་རེད་འདུག