ཞལ་དང་ཕྱག་མཐུན་པའི་སྤྱི་འཐུས།
༡ སྤྱི་འཐུས་སྒེར་གྱི་གསལ་བཤད་ག་རེ་ཡོད་ན་ཁྲིམས་མཐུན་གྱི་ཐོག་ནས་གནང་ཆོག་པ་ཞིག་དང་། གནང་འོས་པ་ཞིག་རེད། གསལ་བཤད་གནང་བ་དེ་ལ་རྒྱུ་མཚན་དང་གནས་ལུགས་ཡོད་མེད་རང་རང་གི་ལྟ་ཚུལ་གྱི་ཐོག་ནས་གླེང་ཆོག་གི་རེད། ༢ ད་ལྟ་སྤྱི་འཐུས་གྲོས་ཚོགས་སུ་༼བོད་རང་བཙན་༽གྱི་ལྟ་བ་འཛིན་བཞིན་པའི་སྤྱི་འཐུས་ཡང་མི་ཉུང་བ་ཞིག་ཡོད་པ་དང་། ཁོང་རྣམ་པས་གྲོས་ཚོགས་ནང་སྔ་ཕྱིར་ལམ་དབུ་མར་འདོད་མོས་མེད་པའི་གཏམ་བརྗོད་དགོངས་ཚུལ་རིམ་པར་སྤེལ་ཡོད་པ་གྲོས་ཚོགས་ལས་རིམ་གསར་ཤོག་རིམ་པར་གཟིགས་དང་མཁྱེན་ངེས་རེད།
སྤྱི་འཐུས་སུ་བཞེངས་སྐབས་ཀྱང་རང་བཙན་གླེང་བཞིན་སྤྱི་འཐུས་སུ་བཞེངས་ཡོད་པ་དང་། རང་བཙན་གྱི་ལྟ་བའི་ཐོག་ནས་ལས་འགུལ་སྤེལ་ཏེ་མང་ཚོགས་ནང་མཐོང་སླེབས་ནས་སྤྱི་འཐུས་སུ་འོས་ཐོན་པ་ཡང་ཡོད་པ་རེད། འོན་ཀྱང་ཐག་གཅོད་ཀྱི་ཕྱག་རྐྱོང་སར་སླེབས་དུས་༼ལམ་དབུ་མར་༽རྒྱབ་སྐྱོར་གནང་གི་ཡོད་པ་རེད། དེ་འདྲ་གནང་ནས་ད་བར་ལོ་ཉི་ཤུ་ལ་ཉེ་བའི་རིང་དུས་ཚོད་བསྐྱལ་བ་རེད། ག་རེ་བྱས་ནས་ཁོང་རྣམ་པས་རྐུབ་སྟེགས་གཅིག་གི་ཐོག་ཏུ་ལངས་ཕྱོགས་གཉིས་བཟུང་གནང་གི་ཡོད་པ་རེད། གནས་སྟངས་འདི་གང་འདྲ་ཞིག་གི་འོག་ནས་གནང་གི་ཡོད་པ་རེད།
༣ སྤྱི་འཐུས་ཀརྨ་ཆོས་འཕེལ་ལམ་དབུ་མར་མོས་མཐུན་བྱེད་མཁན་ཞིག་མིན་པ་ཡོངས་གྲགས་རེད། ད་ལན་ཁོ་རང་གིས་ཐག་གཅོད་ཀྱི་ཕྱག་རྐྱོང་ཡག་གི་ཐོབ་ཐང་དེ་ཡང་དབུ་མར་བྱེད་འདོད་མེད་པ་གསལ་པོ་བཟོས་ཏེ་ལག་བསྟར་གནང་བ་རེད། མདོར་ན་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་གྲོས་ཚོགས་ནང་ཞལ་ནས་གསུངས་ཡག་གཅིག་དང་། ཕྱག་རྐྱོང་ཡག་གཞན་ཞིག་བྱེད་འདོད་མེད་པ་གསལ་པོ་བཟོས་པ་ཞིག་རེད། དཱ་ལན་སྤྱི་འཐུས་ཀརྨ་ཆོས་འཕེལ་ནས་གསལ་བཤད་ཙམ་མིན་པར་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དོན་ཚན་གཉིས་པ་༼དབུ་མའི་ལམ་༽དང་ཐད་ཀར་འབྲེལ་བ་ཆགས་ཡོད་སྟབས་སྤྱི་མོས་མ་བཏང་བ་རེད།
༤ སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་སྔར་༧གོང་ས་ཆེན་པོའི་དུས་ནས་དུས་སུ་ཡེ་ཤེས་དཔྱིངས་དཔྱད་ཀྱི་ཐག་གཅོད་གང་གནང་ལ་མོས་མཐུན་ཡོད་ཟེར་བའི་འདས་པའི་སྤྱི་མོས་ལ་བསྐྱར་སློག་གནང་ཐུབ་མེད་ཀྱང་། གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་དང་འབྲེལ་ནས་ཡོང་བའི་དབུ་མའི་ལམ་ལ་སྤྱི་མོས་བཏང་མེད་པ་དེ་དངོས་ཡོད་གནས་ཚུལ་ཆགས་ཡོད་ལ། དེ་ནི་༼སྤྱི་འཐུས་སྒེར་གྱི་གསལ་བཤད་༽ཀྱི་བརྗིད་ཁོག་དེ་རེད། མ་ཟད་ཁོང་ལྟ་བུའི་སྤྱི་འཐུས་གྲོས་ཚོགས་སུ་བཞུགས་ཕྱིན་དབུ་མའི་ལམ་ལ་ད་ནས་བཟུང་༼སྤྱི་མོས་མེད་པ་༽གསལ་པོ་ཆགས་པ་རེད།
༥ དབུ་མའི་ལམ་ལ་སྤྱི་མོས་མེད་ན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་ཐུབ་མི་ཐུབ་དང་། ༧གོང་ས་མཆོག་ཞལ་ཞེ་གཉིས་མེད་མ་ཡིན་པ་དེ་འདྲ་གང་ཡང་མཚོན་གྱི་ཡོད་མ་རེད། དེར་བརྟེན་དབུ་མའི་ལམ་ལ་སྤྱི་མོས་མ་བྱུང་བ་ཙམ་གྱིས་དབུ་མའི་ལམ་ནུས་མེད་དུ་འགྲོ་བ་དང་རྒྱུན་འཁྱོངས་བྱེད་མི་ཐུབ་པ་དེ་འདྲ་ཡང་མ་རེད། དེ་འདྲའི་ཐུགས་དོགས་གནང་དགོས་མ་རེད། ཡིན་ནའང་དབུ་མ་སྤྱི་མོས་ཡོད་པའི་བརྗིད་ཉམས་དེ་བརླག་པ་རེད། དེ་ཡང་དངོས་ཡོད་རེད། དེ་དང་མཉམ་དུ་གྲོས་ཚོགས་ནང་བོད་གཞིས་བྱེས་གཉིས་ཀྱི་རང་བཙན་ལངས་ཕྱོགས་འཛིན་མཁན་ཚོར་རྒྱབ་སྐྱོར་གནང་མཁན་ཡོད་པ་ལག་ལེན་གྱི་ཐོག་ནས་མངོན་པ་ཞིག་ཆགས་ཀྱི་ཡོད་པ་རེད། འདི་ཡང་ང་ཚོའི་བསམ་བློ་གཏོང་ས་ཞིག་རེད། རང་གི་མཐོང་ཚུལ་ཙམ་ཡིན།