རེ་བ་ཅན་གྱི་མི།
རེ་བ་ཅན་གྱི་མི།
ཤ་གསེང་རུས་པ་བོད་ལ་དཀར་བ་ཞིག།
རྣམ་དཔྱོད་རིག་པ་གཞུང་ལ་མཁས་པ་ཞིག།
ཁ་བཤད་ལག་ལེན་དོན་ལ་གནས་པ་ཞིག།
ཆོས་བརྒྱད་སྙན་གྲགས་རེ་འདུན་མེད་པ་ཞིག།
རིག་གཞུང་སྐད་ཡིག་རྣམས་ལ་མཁས་པ་ཞིག།
སྤྱི་སེམས་ཚོར་བས་ནང་ནས་ཚོས་པ་ཞིག།
ཆོས་ལུགས་ཕག་ན་ཆབ་སྲིད་མེད་པ་ཞིག།
སྤྲུལ་སྐུ་སྟོང་ལས་དགའ་བའི་མཁན་པོ་ཞིག།
ཕ་རྒན་བྱ་རྒྱལ་ཁྱུང་གི་རྒྱུ་འཛིན་ཞིག།
དུས་བསྟུན་ལུགས་བསྒྱུར་སྤོབས་པའི་དཔའ་བོ་ཞིག།
ཕ་རྗེས་བུ་ཡིས་ཟིན་པའི་ངར་མ་ཞིག།
ཆོས་པ་ཀུན་གྱི་གཙུག་ན་མཐོ་བ་ཞིག།
མངོན་ཤེས་གྲུབ་རྫུན་གཡོ་ལྷད་མེད་པ་ཞིག།
རུལ་སུངས་རིགས་ལ་དགག་རྒྱག་ཕོད་མཁན་ཞིག།
གཞན་ཕན་ལག་རྗེས་སྲིད་ན་མཛེས་པ་ཞིག།
ཨ་རོགས་ཁམས་པའི་མི་དྲི་བྲོ་བ་ཞིག།
གནའ་དེང་འཇིག་རྟེན་མཐོང་རྒྱ་ཡངས་པ་ཞིག།
གྲྭ་རྐྱང་དཀྱུས་མའི་རྣམ་ཐར་སྐྱོང་མཁན་ཞིག
མི་གཞི་རང་ཚུགས་ཐུབ་པའི་དཔྱོད་ལྡན་ཞིག།
བླ་བྲང་རྫིག་པོའི་མིང་བྱང་མེད་མཁན་ཞིག།
མཁས་བཙུན་བཟང་གསུམ་མིག་དཔེ་ལྟ་ས་ཞིག།
གཟུར་གནས་སྐྱེ་བོས་བསྔགས་བརྗོད་འཐོར་ས་ཞིག།
ཤཱཀྱ་མུ་ནེའི་རྣ་བ་བསྟོད་མཁན་ཞིག།
གོ་ལ་འདི་ཡི་མཛེས་རྒྱན་ངོ་མ་ཞིག།
དུས་རབས་རྟོག་པ་སད་པའི་དགེ་སློང་ཞིག།
སྤྱི་ཚོགས་ཕན་བདེ་སྒྲུབ་པའི་བྱང་སེམས་ཤིག།
གུ་ཡངས་ལྟ་བ་རྟོགས་པའི་ཕོ་རབས་ཤིག།
མངལ་ནས་སྐྱེས་གོ་ཆོད་པའི་བུ་གཅེས་ཤིག།
ས་དགེ་བཀའ་རྙིང་མེད་པའི་རིས་མེད་ཅིག།
ཆོས་ལུགས་ཀུན་ལ་དག་སྣང་སྦྱོང་མཁན་ཞིག།
མགོ་ཐོག་བཀུར་བར་འོས་པའི་སྐྱབས་གནས་ཤིག།
ཞབས་རྗེས་འདི་རུ་ཆེ་བའི་རབ་བྱུང་ཞིག།
གསེར་ཁྲི་དངུལ་ཁྲི་རྒྱས་སྤྲོས་མེད་མཁན་ཞིག།
མདོ་སྔགས་སངས་རྒྱས་ཆོས་ལ་མཁས་པ་ཞིག།
དམ་ཆོས་འདུལ་བའི་ཚུལ་ཁྲིམས་གཙང་བ་ཞིག།
ཤཱཀྱ་མུ་ནེའི་རྒྱལ་ཚབ་ངོ་མ་ཞིག།
༢༠༡༣་ཟླ་བ་༡་ཚེས་༡༦་ལ་ཝཱ་ཎ་ཞི་འཚོ་དཔེ་མཛོད་ཁང་ནས་མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་གསུངས་རབས་བཀླགས་རྗེས་བྲིས།