དྷ་ས་ས་འཐུས་ཚོགས་འདུ།
ཕྱི་ཟླ་༣ ཚེས་༣༠ ཉིན་སྐབས་བདུན་པའི་དྷ་ས་ས་གནས་འཐུས་ཚོགས་ཀྱི་ཚོགས་དུས་ལྔ་པ་དེ་དྷ་ས་ས་གནས་ཁོར་ཡུག་ཚོགས་ཁང་དུ་འཚོགས་ཡོད་པ་དང་། ཐོག་མར་ཚོགས་གཙོས་ཚོགས་འདུ་དབུ་འཛུགས་ཀྱིས་གཏམ་བཤད་སྐབས། ས་གནས་འཐུས་ཚོགས་ཀྱི་འགྲོ་སྟངས་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བསྟུན་གང་ཐུབ་བྱེད་བཞིན་ཡོད་སྐོར་གསུངས་ཡོད་པ་རེད།
དེ་བཞིན་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་ནང་། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་གཡོན་ཐལ་ཅན་གྱི་མཁྲེགས་འཛིན་སྲིད་བྱུས་ལ་བརྟེན་ནས། བོད་དང་བོད་མི་རིགས་ཀྱི་ཆེད་དུ་ཕྱི་ལོ་༢༠༠༩་ནས་འདི་ལོ་༢༠༡༣་ཟླ་༣་ཚེས་༢༦་ཉིན་མདོ་སྨད་ཀླུ་ཆུ་རྫོང་རྨོག་རི་དགོན་པའི་གྲྭ་དཀོན་མཆོག་བར་བོད་ནང་སྐུ་ལུས་མེར་མཆེད་འབུལ་མཁན་རྒྱལ་གཅེས་དཔའ་བོ་གྲངས་༡༡༤་དང། བཙན་བྱོལ་ནང་དཔའ་བོ་ཐུབ་བསྟན་དངོས་གྲུབ་ནས་འདི་ལོ་ཟླ་༣་ནང་བལ་ཡུལ་དུ་སྐུ་ལུས་མེར་མཆོད་འབུལ་མཁན་དཔའ་བོ་སྒྲུབ་ཚེ་དབར་རྒྱལ་གཅེས་དཔའ་བོ་གྲངས་༦ བཅས་ད་བར་བོད་ཕྱི་ནང་གཉིས་ནས་ཤེས་རྟོགས་ར་འཕྲོད་བྱུང་བ་ཁྱོན་བོད་མི་སེར་སྐྱ་༡༢༠ བྱུང་བ་ཁག་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་བཞག་ཡོད་པ་རེད།
དེ་བཞིན་སྐར་རྟགས་ཅན་གྱི་དྲི་བའི་ནང་། དྷ་ས་ས་གནས་མི་མང་གི་བདེ་དོན་དང་། ཁོར་ཡུག འཕྲོད་བསྟེན་སོགས་དང་འབྲེལ་བའི་གལ་གནད་ཅན་གྱི་གནད་དོན་མང་པོ་ཞིག་ལ་འདྲི་བ་དྲིས་ལན་དང་།
ལྷག་དོན་ཕྱི་ལོ་༢༠༡༣་ལོའི་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཕྱི་ལོ་༢༠༡༣ ནས་ཕྱི་ལོ་༢༠༡༤ ལོའི་སྔོན་རྩིས་འཆར་འབུལ་སྙན་སྒྲོན་དང་ཆབས་ཅིག་བཀའ་འཁྲོལ་རྒྱབ་གཉེར་ཇི་ཞུས་སོགས་ཀྱི་སྐོར་ལ་བགྲོ་གླེང་དང་། ད་ཐེངས་ཕྱི་ལོ་༢༠༡༣་་་༢༠༡༤ བར་གྱི་སྔོན་རྩིས་བཀའ་ཁྲོལ་ཞུ་འཆར་ཧིན་སྒོར་༤༤༡༡༧༨༥༥།༡༦ ཞུས་པའི་ནང་སྔོན་རྩིས་ཚོད་དཔག་ཚོགས་ཆུང་གིས་བཅོག་འཕྲི་ཧིན་སྒོར་༡༣༠༠༠༠ བྱས་རྗེས། ཧིན་སྒོར་༤༣༩༨༧༨༥༥།༡༦ ས་འཐུས་རྣམ་པས་སྤྱི་མོས་ཐོག་བཀའ་ཁྲོལ་གཏན་འབེབས་བྱུང་ཡོད་པ་རེད།
དེ་བཞིན་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་བའི་སྐོར་ལ་བགྲོ་གླེང་བྱས་ཡོད་པ་རེད།།
