གློ་བུར་དུ་བྲིས།
དགའ་ཚལ་སློབ་གླིང་གི་སློབ་མའི་རང་གཤིས།
ཡུལ་གྱི་ཆགས་བབ་མཛེས་ཤིང་ཁོར་ཡུག་གི་བཀོད་པ་ལེགས་པའི་དགའ་ཚལ་ཞེས་པའི་སློབ་གླིང་ཞིག་ན་ཡུལ་ལུང་མི་གཅིག་པའི་སློབ་ཕྲུག་དག་གིས་དབྱར་དུས་ཀྱི་མེ་ཏོག་ལ་བུང་བ་འཁོར་བ་ཇི་བཞིན་ནངས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ཤེས་བྱའི་བདུད་རྩི་ལ་རོལ་བཞིན་མཆིས། དེ་ལས་ཀྱང་ཡིད་དུ་འོང་ཞིང་གསོན་ཤུགས་ལྡན་པ་ནི་ཁོང་ཚོའི་མཛའ་སེམས་དང་བརྩོན་འགྲུས་ཀྱི་སྙིང་སྟོབས་རེད།
སློབ་གྲོགས་བར་ལ་གཅེན་གཅུང་གི་བརྩེ་དུང་དང་དགེ་རྒན་ལ་ཕ་མའི་འདུ་ཤེས་ཀྱིས་བཀྲ་ཤིས་བདེ་ལེགས་ཀྱི་འཚོ་བ་ཞིག་གིས་ལུས་སེམས་བདེ་བར་གནས། ངོ་མ་ནང་བཀྲ་ཤིས་ན་ཕྱི་དོན་འགྲུབ་ཟེར་བ་དེ་ཉམས་མྱོང་རྒན་པོའི་འབེལ་གཏམ་ཅི་ལ་མིན། ཁོང་ཚོའི་མཚན་སྙན་དང་ཁོང་ཚོའི་མཛའ་སེམས། ཁོང་ཚོའི་སློབ་སྦྱོང་བཅས་ལ་ཕྱོགས་གང་ས་ནས་དོ་སྣང་ངམ་མཉམ་འཇོག་བྱེད་སའི་གཞི་རུ་གྱུར། ད་དུང་མི་རིགས་ཤིག་གི་སྲོལ་རྒྱུན་གྱི་གོམས་གཤིས་ཧ་ལམ་ཉམས་ཟིན་པའི་དུས་རབས་ཉེར་གཅིག་འདིར་ཁོང་ཚོའི་ལུས་སྟེང་ནས་མི་རིགས་ཤིག་གི་བསམ་པའི་ཁྱེར་སོ། རིག་གཞུང་དང་འབྲེལ་བའི་ཡུལ་སྲོལ་གོམས་གཤིས་ཐར་ཐོར་རེ་རྙེད་ཐུབ་ཟེར་བཞིན་ཡོད་ཚད་ཀྱིས་དགའ་མགུའི་མེ་ཏོག་གཏོར། དེ་ནི་མི་རིགས་ཀྱི་སློབ་གསོ་ལ་མཁས་པའི་དགེ་རྒན་དང་མི་རིགས་ཀྱི་རིག་གཞུང་ལ་དུང་བའི་སློབ་ཕྲུག་མཉམ་རུབ་ཀྱིས་བསྐྲུན་པའི་རླབས་ཆེན་གྱི་རྡོ་རིང་ཞིག་ཡིན། བརྩེ་བའི་སློབ་གྲོགས་ཚོ་ཡུལ་ལུང་གང་དུ་གནས་ཀྱང་གྲོགས་པོ་སུ་དང་འགྲོགས་ཀྱང་། སློབ་སྦྱོང་ཅི་ཞིག་བྱེད་ཀྱང་མི་རིགས་ཀྱི་འདུ་ཤེས་འདོར་མི་རུང་ལ་མཉམ་རུབ་ཀྱི་བསམ་བློ་གཡུག་མི་ཉན་པའི་བསླབ་བྱའི་དྭངས་མ་ཡིན་པ་བརྗེད་མི་རུང་།
