བོད་ཕྲུག་དང་བོད་སློབ་འཛིན་ཚོགས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༣༡   ཕྱི་ལོ་ ༢༠༡༣/༣/༢༧

རྒྱ་གར་གཞུང་གིས་བོད་མི་སྐྱབས་བཅོལ་བ་རྣམས་ཀྱིས་ཆེད་དུ་བཙུགས་པའི་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁོངས་སུ་བོད་པའི་གཞིས་ཆགས་ཁག་ཏུ་སློབ་གྲྭ་གང་མང་ཞིག་ཡོད་པ་དང་། ད་བར་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་ཐོག་ལ་ནུས་པ་དང་གྲུབ་འབྲས་ཆེ་ཤོས་ཐོན་པའི་ཤེས་ཡོན་གྱི་སྡེ་ཚན་ཞིག་ཡིན། འགྲོ་གྲོན་ཡོངས་རྫོགས་རྒྱ་གར་དབུས་གཞུང་གིས་གཏོང་བཞིན་ཡོད་པ་དང་།

སློབ་གྲྭ་དེའི་ཁོངས་ནས་གསོ་སྐྱོང་གནང་བའི་མི་རབས་རྣམས་ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་མཁན་ཆགས་ཡོད་ལ། དཔེར་ན་སྲིད་སྐྱོང་བློ་བཟང་སེང་གེ་དང། ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་བཅས་མང་གཙོའི་ཀ་བ་གསུམ་གྱི་དབུ་ཁྲིད་ཕལ་མོ་ཆེ་སློབ་གྲྭ་འདི་དག་གི་ཁོངས་ནས་འཚར་ལོངས་བྱུུང་བ་འབའ་ཞིག་ཆགས་ཡོད།

དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་པའི་ནང་ནས་བཟུང་བོད་སློབ་འཛིན་ཚོགས་ཁོངས་ཀྱི་སློབ་གྲྭ་དེ་དག་བོད་མིའི་སྒྲིག་འཛུགས་ཀྱི་ཐད་ཀའི་སྟངས་འཛིན་འོག་ཏུ་སྒྱུར་ཆེད། འབྲེལ་ཡོད་ཤེས་རིག་ལས་ཁུངས་ནས་སྔ་རྗེས་སུ་འབད་བརྩོན་རིམ་པ་གནང་ཞིང། ལྷག་དོན་བཀའ་ཤག་སྐབས་བཅུ་བཞི་པ་དང་ཤེས་རིག་ལས་ཁུངས་ནས་ལས་དོན་དེའི་ཐོག་ལ་འབད་བརྩོན་གང་མང་ཞིག་གནང་བའི་གྲུབ་འབྲས་བཅས་ལ་བརྟེན་ནས་ལོ་འདིའི་ཕྱི་ཟླ་དང་པོའི་ནང་བོད་སློབ་འཛིན་ཚོགས་ཀྱི་ཁོངས་སུ་ཡོད་པའི་སློབ་གྲྭ་དེ་དག་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་གནང་རྒྱུ་ཡིན་པའི་གསལ་བསྒྲགས་རྒྱ་གར་དབུས་གཞུང་གིས་གནང་ཡོད་པ་རེད། ད་ལྟའི་ཆར་ཐག་གཅོད་དེ་ལ་ཕྱོགས་ཡོངས་ནས་ལྟ་ཚུལ་མི་འདྲ་བ་རེ་ཟུང་ཞིག་བཙན་བྱོལ་བོད་པའི་ཆབ་སྲིད་པའི་ཁོར་ཡུག་ཏུ་ཡོང་གི་ཡོད་པ་རེད།

བོད་པའི་ཆེད་དུ་བཙུགས་པའི་སློབ་གྲྭ་འདི་དག་བོད་པ་རང་གིས་སྟངས་འཛིན་བྱེད་ཐུབ་པ་ཞིག་བྱུང་ན་མ་འོངས་པར་ཕྱོགས་ཡོངས་ནས་ཕན་ཐོགས་ཡོད་དང་མེད། གནད་དོན་འདི་སློབ་གྲྭ་འདི་དག་བོད་པ་རང་གིས་རྩིས་ལེན་བྱེད་དགོས་པའི་རྒྱབ་ལྗོངས་གཙོ་བོར་གྱུར་ཡོད། ལོ་གང་འཚམས་ཤིག་ནས་བཟུང་སློབ་གྲྭ་དེ་དག་གི་ཁོངས་སུ་བོད་རིགས་དགེ་རྒན་གཏན་འཇགས་ཀྱིས་བསྐོ་ཐུབ་ཀྱི་མེད་པ་དང། ད་ལྟའི་ཆར་སློབ་གྲྭ་ཁག་གི་འགན་འཛིན་དང་སློབ་སྤྱི་ཕལ་མོ་ཆེ་རྒྱ་གར་བ་ཡིན་དུས་བོད་པ་རང་གི་གནས་བབས་དང་དགོས་མཁོར་འཚམས་པའི་འཛིན་སྐྱོང་གནང་ཐུབ་ཀྱི་མེད་པ་མ་ཟད། ས་གནས་རེ་ཟུང་གི་སློབ་གྲྭའི་འགན་ཁུར་མི་སྣས་བོད་གཞུང་ཤེས་རིག་བཀའ་བློན་ས་གནས་སུ་ཕེབས་པའི་སྐབས་སློབ་གྲྭའི་ནང་ཕེབས་མ་བཅུག་པའི་གནས་ཚུལ་ཡང་བྱུང་མྱོང་བ་རེད།

ད་དུང་གཞིས་ཆགས་ཁག་མང་ཆེ་བར་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཡོད་ཀྱང། བོད་པ་ཚོས་ཕྲུ་གུ་དེ་རུ་གཏོང་འདོད་མེད་པར་མ་སུ་རི་བོད་ཁྱིམ་དང། དྷ་ས་བོད་ཁྱིམ་སོགས་བོད་པ་རང་གིས་སྟངས་འཛིན་བྱེད་བཞིན་པའི་སློབ་གྲྭ་ཁག་ཏུ་ཐག་ཉེ་རིང་མ་ལྟོས་པར་སྐྱེལ་ཐུབ་པར་འབད་བརྩོན་བྱེད་བཞིན་ཡོད་པ་དང། སློབ་གྲྭ་དེ་དག་ཏུ་བོད་པ་མ་ཡིན་པའང་མང་དུ་འགྲོ་བཞིན་ཡོད། ད་དུང་ཕུགས་རྒྱང་རིང་པོའི་གནས་ཚུལ་ཐོག་ནས་བོད་པས་བོད་པར་ཤ་ཚ་བ་བཞིན། མི་རིགས་གཞན་ཞིག་གིས་གནང་མི་ཐུབ་པ་ནི་སྤྱི་སྲོལ་ཡིན་པས་འཁང་ར་དང་ཡིད་ཆད་བྱེད་དགོས་དོན་གང་ཡང་མེད་ལ། སློབ་གྲྭ་འདི་དག་བོད་པ་རང་ངོས་ནས་འཛིན་སྐྱོང་བྱས་ན་མ་འོངས་པར་གྲུབ་འབྲས་སྔར་ལྷག་ཡོང་རྒྱུ་ཡིན་པར་རེ་བ་རྒྱག་དགོས་པ་མ་ཟད། སློབ་གྲྭ་འདི་དག་བོད་པ་རང་ངོས་ནས་རྩིས་ལེན་ཐུབ་པ་ནི་གྲུབ་འབྲས་རླབས་ཆེན་ཞིག་ལ་ངོས་འཛིན་བྱེད་དགོས་པ་རེད།

ད་དུང་ཕྱོགས་གཅིག་ནས་བཤད་ན་བོད་ནང་དུ་རྒྱ་དམར་དྲག་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གནས་རྩ་མེད་དུ་གཏོང་ཐབས་བྱེད་བཞིན་ཡོད་པ་དང། བཙན་བྱོལ་ནང་དུའང་སློབ་གྲྭ་ཁག་གི་བོད་ཀྱི་རིག་གནས་སྦྱང་ཚད་ཧ་ཅང་ཞན་དུ་འགྲོ་བཞིན་ཡོད་པ་མ་ཟད། དགེ་རྒན་དང་སློབ་གྲྭའི་ཁོར་ཡུག་སོགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་བོད་སྐད་གཙང་མ་ཡག་པོ་ཞིག་རྒྱག་དགོས་ཀྱང་དཀའ་ངལ་གྱི་རང་བཞིན་དུ་གྱུར་ཟིན་པས། གནད་དོན་འདི་ལ་ཁ་ཚ་དགོས་གཏུག་གིས་ཐག་གཅོད་ཅིག་བྱེད་མ་ཐུབ་ན་བོད་མི་རིགས་དོན་དམ་གྱིས་ཤི་ཟིན་པ་ཞིག་ཏུ་ངོས་འཛིན་བྱེད་ཆོག་ལ། བོད་ནང་དུ་རང་དབང་མེད་པའི་རྒྱུ་མཚན་གྱིས་སྐད་ཡིག་རིག་གནས་རྒྱུན་འཛིན་བྱེད་མི་ཐུབ་པར་རྒྱུ་མཚན་བགྲང་རྒྱུ་ཡོད་ཀྱང། བཙན་བྱོལ་བ་ཚོས་རང་དབང་ལུང་པར་བོད་ཀྱི་རིག་གནས་དང་བོད་ཀྱི་སྐད་ཡིག་ཙམ་ཡང་རྒྱུན་འཛིན་བྱེད་མ་ཐུབ་ན་ཧ་ཅང་ངོ་ཚ་དགོས་པའི་གནས་སུ་གྱུར་ཡོད།

རྒྱུ་མཚན་དེ་ལྟ་བུ་ལ་བརྟེན་ནས་སློབ་གྲྭ་དེ་དག་རྩིས་ལེན་དགོས་པ་གལ་ཆེན་པོ་ཡིན་པ་མ་ཟད། བོད་མི་རིགས་དང་འཐབ་རྩོད་རང་གི་དགོས་མཁོ་ལ་གཞིགས་ནས་མི་རབས་གསར་པ་ཞིག་སྐྱེད་སྲིང་བྱེད་དགོས་པ་དེ་ཡང་ཁ་ཚ་དགོས་གཏུག་གི་ལས་འགན་ཞིག་ཏུ་གྱུར་ཡོད། ད་དུང་ཆུང་ས་ཞིག་ནས་བཤད་ན་སློབ་གྲྭ་ཁག་འདི་དག་གི་དགེ་རྒན་བོད་པ་མང་པོ་ཞིག་སླེབས་ཐུབ་ཡོང་དུས་བོད་པའི་སྤྱི་ཚོགས་ཁ་འཐོར་དུ་མི་འགྲོ་བར་ལས་ཀ་སྤྲོད་ཐུབ་པར་ཕན་ཐོགས་ཡོད་ལ། རྒྱ་གར་གཞུང་གིས་བཀའ་དྲིན་ལ་བརྟེན་ནས་སློབ་གྲྭ་འདི་དག་གི་འགྲོ་གྲོན་ཆེད་ལོ་རེར་ཧིན་སྒོར་འབུམ་༤༣༠༠ རེ་མུ་མཐུད་དུ་གནང་རྒྱུ་ཡིན་པ་མ་ཟད། ལོ་སྟར་ཆགས་སུ་བརྒྱ་ཆ་༥ རེ་འཕར་སྣོན་གྱིས་གནང་རྒྱུའི་ཞལ་བཞེས་ཀྱང་བཟང་པོ་ཐོབ་ཡོད་འདུག གནད་དོན་འདི་ཙམ་མ་ཡིན་པར་འཛམ་གླིང་རྒྱལ་ཁབ་ཁག་གི་ནང་ནས་བོད་དང་མི་རིགས་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་ནི་རྒྱ་གར་གཞུང་ཡིན་པ་ངེས་པར་དུ་ཤེས་དགོས་པ་གལ་ཆེན་པོར་གྱུར་ཡོད།།