ནང་བསྟན་བརྒྱུད་པ་གསུམ་གྱི་བགྲོ་གླེང་ཚོགས་ཆེན།
ཟླ་༣ ཚེས་༣༠ དང་༣༡ ཉིན་གཉིས་ལ་༼དུས་རབས་ཉེར་གཅིག་པའི་ནང་པ་༽ཞེས་པའི་བརྗོད་གཞིའི་ཐོག་ལོ་རྒྱུས་རང་བཞིན་ལྡན་པའི་ལྷོ་བརྒྱུད། རྒྱ་བརྒྱུད། བོད་བརྒྱུད་དེ། ནང་བསྟན་བརྒྱུད་པ་གསུམ་གྱི་བགྲོ་གླེང་ཚོགས་ཆེན་ཞིག་ཐའེ་ཝན་དུ་འཚོགས་ཡོད་པ་རེད།
དེ་ཡང་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་འགན་འཛིན་མི་སྣ་མཁན་པོ་ཚུལ་རྣམ་གྱིས་དམིགས་བསལ་ཐུགས་འགན་ཆ་ཚང་བཞེས་པའི་ཐོག་ནས། རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་། ཐའེ་ཝན་གནའ་རབས་ནང་བསྟན་བསམ་གཏན་སློབ་ཚོགས། ཞན་ཊང་སློབ་གྲྭ་ཆེན་མོའི་ཆོས་ལུགས་སྡེ་ཚན་བཅས་ཀྱི་གཙོ་སྒྲུབ་ཀྱིས་ཕྱི་ལོ་༢༠༡༣ ལོའི་ཟླ་༣ ཚེས་༣༠ དང་༣༡ ཉིན་གཉིས་ལ་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་ཡི་ཐའེ་ཝན་གཙུག་ལག་སློབ་ཆེན་གྱི་ཚོགས་ཁང་དུ་འཚོགས། འདི་ནི་ཐའེ་ཝན་དུ་བོད་ཀྱི་དགེ་འདུན་པས་དབུ་ཁྲིད་ནས་གོ་སྒྲིག་ཆ་ཚང་བྱས་པའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ནང་བསྟན་བགྲོ་གླེང་ཚོགས་ཆེན་ཐོག་མ་དེ་ཆགས་ཡོད་པ་རེད།
དེ་ཡང་ཚོགས་ཆེན་གྱི་ཉིན་དང་པོའི་ཐོག་མར་བརྒྱུད་པ་གསུམ་གྱི་དགེ་འདུན་པས་དཀོན་མཆོག་རྗེས་དྲན་གྱི་མདོ་སོགས་ཀྱི་ཤིས་བརྗོད་ཟིན་པ་དང་། དམིགས་བསལ་སྐུ་མགྲོན་ཐའེ་ཝན་ནང་སྲིད་བློན་ཆེན་ལི་ཧོང་དབྱན་(李鸿源)དང་། ཐའེ་པེ་གྲོང་ཁྱེར་སྤྱི་ཁྱབ་པ་ཧའོ་ལུང་པིན་(郝龙斌) ཐའེ་ཝན་དམངས་སྲིད་ལས་ཁུངས་ཀྱི་མགོ་གཙོ་སོགས་ཚོགས་འདུར་ཆེད་ཕེབས་ཐོག ནང་སྲིད་བློན་ཆེན་གྱིས་སངས་རྒྱས་ཆོས་ལུགས་ཀྱིས་ཤར་ཕྱོགས་རིག་གནས་དང་ཁྱད་པར་རྒྱ་མི་རིགས་ཀྱི་རིག་གནས་ཀྱི་ཁྲོད་དུ་ཟིན་པའི་གོ་གནས་དང་ཕན་ནུས་ཀྱི་སྐོར་དང་། ཐའེ་ཝན་སྲིད་གཞུང་གི་ངོས་ནས་རླབས་ཆེན་གྱི་ཚོགས་འདུ་འདི་ལྟ་བུ་ཞིག་འཚོགས་ཐུབ་པར་སྙིང་ནས་རྟེན་འབྲེལ་དང་བསྔགས་བརྗོད་གྱི་ཚད་མཐོའི་གདེངས་འཇོག་གནང་གིན་ཡོད་པའི་གཏམ་བཤད་གནང་།
དེ་དང་མཉམ་དུ་གྲོང་ཁྱེར་སྤྱི་ཁྱབ་པས་ཀྱང་ཚད་མཐོའི་བསྔགས་བརྗོད་དང་གདེང་འཇོག་གི་གཏམ་བཤད་གྲུབ་རྗེས། ཤྲཱི་ལང་ཀའི་སྲིད་འཛིན་གྱི་རྒྱལ་སྤྱིའི་ཆོས་ལུགས་རིག་གནས་ལས་རིགས་ཀྱི་སློབ་སྟོན་པ་གནས་བརྟན་ཆང་ཏི་མཱ་དང་། ཐའེ་ཝན་གྱི་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་དང་། ཐའེ་པེ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གནས་བརྟན་མིན་ཀྭང་ཧྥ་ཧྲི་(明光法师)ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་སློབ་གསོ་ལས་རིགས་ཀྱི་འགན་འཛིན་དང་། དཔལ་སྤུང་ཤེས་རབ་གླིང་བཤད་གྲྭའི་སློབ་སྤྱི་མཁན་པོ་ཚུལ་རྣམ་རིན་པོ་ཆེ་བཅས་ནས་ཚོགས་འདུའི་གཙོ་སྒྲུབ་ལས་ཁུངས་ཁག་གི་ཚབ་བྱས་ནས་ཚོགས་འདུ་དབུ་འཛུགས་ཀྱི་གཏམ་བཤད་བཅས་གྲུབ་མཐར།
དངོས་གཞིའི་ལས་རིམ་གྱི་དབུ་ཚུགས་པ་དང་། ཐོག་མར་ཤྲཱི་ལང་ཀའི་ནང་བསྟན་དང་པཱ་ལི་གཙུག་ལག་སློབ་ཆེན་གྱི་ཆོས་ལུགས་དང་མཚན་ཉིད་རིག་པའི་ཞིབ་བསྡུར་ཉམས་ཞིབ་ཁང་གི་འགན་འཛིན་མཁས་དབང་གནས་བརྟན་ས་མ་ན་སི་རི་(Rev.Dr.G.Sumanasiri Thero)དང་། ཐའེ་ཝན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན། འཛམ་གླིང་ནང་པའི་དགེ་འདུན་མཐུན་ཚོགས་ཀྱི་བྱེ་བྲག་ནང་ཆོས་དར་སྤེལ་ལྷན་ཚོགས་ཀྱི་གཙོ་འཛིན་རྒྱུན་ལས་(明光)མིན་ཀྭང་ཧྥ་ཧྲི། འབྲི་གུང་མཁན་ཆེན་དཀོན་མཆོག་རྒྱལ་མཚན་བཅས་ནས་ནང་བསྟན་བརྒྱུད་པ་གསུམ་གྱི་མཐུན་ཆ་དང་མཉམ་འབྲེལ་ཞེས་པའི་ཐོག་ལ་གཏམ་བཤད་གནང་།
དེ་བཞིན་ཉིན་གཉིས་རིང་སེང་ག་པོར་དང་། ཤྲཱི་ལང་ཀ། ཐའེ་ཝན་ཧྭ་ཧྥན་སློབ་ཆེན། ཧོང་ཀོང་། བོད་པའི་དགེ་འདུན་པ་སོགས་ཆེད་མཁས་པས་གཏམ་བཤད་གནང་བ་དང་། ཕན་ཚུན་བགྲོ་གླེང་གནང་ཡོད་པ་རེད།
ཉིན་ཧྲིལ་པོ་གཉིས་ཀྱི་རིང་རྒྱ་ནག་སྐམ་ས་དང་། ཧོང་ཀོང་། སེང་ག་པོར་སོགས་ནས་ཆེད་ཕེབས་གནང་བའི་ཁག་ཚུད་པའི་ཚོགས་འདུར་ཞུགས་མཁན་གྱིས་ཚོགས་ཁང་ཧྲིལ་གྱིས་གང་ཞིང་། ཚང་མས་དོ་སྣང་ཆེན་པོ་གནང་བར་མ་ཟད།ཐའེ་ཝན་གཞུང་གི་གནད་ཡོད་དབུ་ཁྲིད་དང་།བརྒྱུད་པ་སོ་སོའི་བླ་ཆེན་དང་མཁས་དབང་ཁག་གིས་ཀྱང་གདེངས་འཇོག་ཧ་ཅང་མཐོན་པོ་གནང་། དཔེར་ན། ཤྲཱི་ལང་ཀའི་ཁི་ལ་ཉི་ཡ་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ས་མ་ན་པ་ལཱ་ལགས་ཀྱིས་ང་ད་སྔོན་རྒྱལ་སྤྱིའི་ཚོགས་འདུ་ཧ་ཅང་མང་པོ་ཞིག་ཏུ་ཞུགས་པ་ཡིན་ཏེ། ཐེངས་འདིའི་ཚོགས་འདུ་ནི་ཕན་ཚུན་བར་ཐག་ཉེ་ཤོས་དང་། གཟབ་ནན་ཆེན་པོ་ཡོད་པ་ལྷག་ཏུ་དོན་སྙིང་ལྡན་པ་ཞིག་ཏུ་ཚོར་བྱུང་ཞེས་དང་། ཧྭའི་ཐའོ་ཧྥ་ཧྲི་ནས་ཀྱང་འདི་ལྟ་བུའི་བརྒྱུད་པ་གསུམ་མཉམ་དུ་ཚགས་སུ་ཚུད་པའི་གོ་སྒྲིག་གི་ཐོག་ནས་མཉམ་འཛོམས་ཀྱི་བགྲོ་གླེང་འཚོགས་ཐུབ་པ་ནི་ཧ་ཅང་དོན་སྙིང་ལྡན་པ་ཞིག་ཡིན་པ་དང་། འབྱུང་འགྱུར་ང་ཚོ་ཐའེ་ཝན་པས་ཀྱང་ཚད་མཐོ་བའི་ཆ་ཤས་བླངས་ནས་ཚང་མས་མཉམ་རུབ་ཀྱིས་སང་ཕོད་འདི་ལས་ཀྱང་གཞི་རྒྱ་ཆེ་བ་ཞིག་འཚོགས་ཐུབ་པ་དགོས་ཞེས་དང་། ཚེ་སྲོག་བརྙན་ཕྲིན་ཁང་གི་ངོས་ནས་ཐེངས་འདིའི་ཚོགས་འདུའི་བརྗོད་བྱ་ཧྲིལ་པོ་བརྙན་འཕྲིན་བརྒྱུད་འཛམ་གླིང་ཡོངས་ལ་བརྒྱུད་བསྒྲགས་བྱ་ངེས་ཡིན་ཞེས་ཁས་ལེན་གནང་། ཁྱད་པར་ཐའེ་པེ་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཧའོ་ལུང་པིན་གྱིས།འདི་ལྟ་བུའི་ཚོགས་འདུ་ཆེན་པོ་ཞིག་རྒྱལ་ས་ཐའེ་པེར་ཚུགས་ཐུབ་པ་ནི་ཐའེ་པེ་གྲོང་ཁྱེར་གྱི་གཟི་བརྗིད་ཡིན་པར་མ་ཟད། རྒྱལ་ཁབ་གཞན་གྱི་མིས་ཐའེ་ཝན་གྱི་ས་ཆ་འདིར་འདི་ལྟ་བུའི་སྤྱི་ཚོགས་ལ་ཕན་པ་ཡོད་པའི་ལས་དོན་རླབས་ཆེན་བྱས་པ་ནི་དེ་བས་ཀྱང་ཧ་ཅང་གཟི་བརྗིད་ཡིན་ཞེས་བཤད། དེ་བཞིན་ཐའེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་ཝང་ཅིན་ཕིན་(王金平)གྱིས་ཀྱང་།ཚོགས་འདུར།དུས་རབས་ཉེར་གཅིག་པའི་ནང་ཆོས།ལྷོ་བརྒྱ་བོད་གསུམ་གྱི་བགྲོ་གླེང་ཚོགས་ཆེན་བཀྲ་ཤིས་ལེགས་འགྲུབ་ཡོང་བར་སྨོན། ཞེས་པའི་བྱང་བུ་བཏགས་པའི་མེ་ཏོག་གི་ཆུན་པོ་ཕུལ་ཡོད།
དེ་བཞིན་ཚོགས་ཞུགས་པ་དག་གིས་ཀྱང་ཐེངས་འདིའི་བགྲོ་གླེང་ཚོགས་ཆེན་ཧ་ཅང་ལེགས་པོ་བྱུང་བར་མ་ཟད། འདིས་ལྷོ་བྱང་བརྒྱུད་པ་གསུམ་གྱི་མཉམ་འབྲེལ་དང་ནང་བསྟན་མཆེད་གྲོགས་བར་གྱི་མཛའ་བརྩེ། དད་ལྡན་མང་ཚོགས་ཀྱི་ཡང་དག་པའི་ཆོས་ཀྱི་གོ་རྟོགས་བཅས་ལ་ནུས་པ་ཆེན་པོ་ཐོན་རྒྱུ་ཡིན་པ་དང་། ཁྱད་པར་ཐའེ་ཝན་གྱི་བོད་བརྒྱུད་ནང་བསྟན་གྱི་ཆེ་མཐོང་དང་མདུན་ལམ་ལ་ཡང་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད་པའི་ངོས་འཛིན་གནང་གིན་འདུག
དེ་བཞིན། ཚོགས་འདུའི་གཙོ་བོའི་དགོས་དམིགས་ནི།
༡༽སངས་རྒྱས་ཐུགས་རྗེ་ཅན་མངོན་པར་སངས་རྒྱས་ནས་ལོ་༢༦༠༢དང་། སྐུ་མྱ་ངན་ལས་འདས་ནས་༢༥༥༧ འཁོར་བར་བཀའ་དྲིན་རྗེས་དྲན་ཞུ་བ།
༢༽ནང་བསྟན་ཆོས་བརྒྱུད་ཆེན་པོ་གསུམ་གྱི་འདྲ་མཉམ་བགྲོ་གླེང་བརྒྱུད་འཛམ་གླིང་ཞི་བདེའི་ཕྱོགས་སུ་གོམ་པ་སྤོ་བ།
༣༽ཁྱད་པར་དུ། ད་ལྟའི་དུས་འདིར་ཕྱོགས་གཅིག་ནས་བོད་བརྒྱུད་ནང་བསྟན་འདི་དར་རྒྱས་ལེགས་པོ་ཡོད་པའི་དུས་རབས་ཤིག་ཏུ་ཡོད་ན་ཡང་། ཕྱོགས་གཞན་ཞིག་ནས་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་དང་། ཁྱད་པར་བསམ་བཞིན་བོད་བརྒྱུད་ནང་བསྟན་འདི་འཛམ་གླིང་གི་ནང་བའི་ཆོས་བརྒྱུད་ཁག་གི་གྲལ་ནས་འཕུད་ཐབས་བྱེད་ཅིང་ཐ་ན་ནང་པའང་མ་རེད་ཅེས་ཚབ་ཆེའི་སྐུར་འདེབས་དང་ཉེས་འཛུགས་མང་པོ་འཕེལ་བཞིན་ཡོད་པར་མ་ཟད། ཡང་བོད་བརྒྱུད་ནང་བསྟན་གྱི་གདོང་འབག་གྱོན་པའི་ཁྲམ་པ་དག་གིས་ཡིན་མིན་གོ་ལྡོག་གིས་སྤྱི་ཚོགས་ནང་ནང་བསྟན་ལ་རྨ་འབྱིན་པའི་ལས་ཀའང་མང་པོ་ཞིག་བྱེད་བཞིན་པའི་དུས་འདིར་། ང་ཚོ་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་དག་གིས་ཀྱང་ལྡོག་རྩ་གཅིག་སྒྲིལ་གྱིས་འཛམ་གླིང་གི་ནང་པའི་ཆོས་གྲོགས་གཞན་དག་དང་མཐུན་ལམ་དང་མཉམ་འབྲེལ་བཅས་བྱས་ནས་ཐུན་མོང་གི་གླེང་སྟེགས་མང་པོ་བསྐྲུན་ཏེ། སྔར་ལས་ལྷག་པའི་སྒོ་ནས་འཛམ་བུ་གླིང་གི་མི་རྣམས་ལ་བོད་བརྒྱུད་ནང་བསྟན་གྱི་ཟབ་ཁྱད་ཤེས་སུ་བཅུག་སྟེ།བོད་བརྒྱུད་ནང་བསྟན་གྱི་ཆེ་མཐོང་སྲུང་སྐྱོབ་བྱ་རྒྱུ་སོགས་ཡིན་པ་འཁོད་ཡོད།།
གནས་ཚུལ་བསྡུ་བསྒྲིགས་དང་མཁོ་གཏོང་བ་རྫ་ཚེ་རིང་བཀྲ་ཤིས།