རང་ལུས་མེར་སྲེག་གི་གནས་ཚུལ་ལ་ཡིན་པ་གསལ་རྟོགས།

ཕྱི་ལོ་༢༠༡༢ ཟླ་༤ པའི་ཚེས་༦ ཉིན་ཁམས་རྫོགས་ཆེན་དགོན་པའི་མཁན་ཟུར་ཐུབ་བསྟན་སྙན་གྲགས་དང༌། ཁོང་གི་ཚ་མོ་བཙུན་མ་ཨ་ཚེ་གཉིས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བྱས་ཡོད་པའི་གནས་ཚུལ་དེ། དེང་སྐབས་ཁ་གསལ་པོ་བྱུང་ཡོད་སྐོར་སྲིད་སྐྱོང་བློ་བཟང་སེང་གེ་དང་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ཀྱིས་གསུངས་ཡོད་པ་རེད།

དེ་ཡང་ཕྱི་ལོ་༢༠༡༢ ཟླ་༤ ཉིན་ཁམས་རྫོགས་ཆེན་དགོན་གྱི་མཁན་ཟུར་མི་ཉག་ལྷ་སྒང་བྲག་དཀར་དགོན་གྱི་སྤྲུལ་སྐུ་ཨ་ཐུབ་བམ་མཚན་གཞན་ལ་ཐུབ་བསྟན་སྙན་གྲགས་དང༌། ཁོང་གི་ཚ་མོ་བཙུན་མ་ཨ་ཚེ་གཉིས་ནས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་ཏེ། དེའི་རྗེས་ཀྱི་གནས་ཚུལ་ཁ་གསལ་མ་རག་ནས་ད་ལྟའི་བར་ལྷག་ཡོད་ན་ཡང་།

ཟླ་འདིའི་ཕྱི་ཚེས་༢༧ ཉིན་གྱི་དགོང་དྲོའི་ཆུ་ཚོད་༤ པའི་སྟེང་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་ཚོའི་ཆེད་གཞུང་འབྲེོལ་མཆོད་འབུལ་སྨོན་ལམ་ཞིག་འཚོགས་ཏེ། སྐབས་དེར་སྲིད་སྐྱོང་བློ་བཟང་གེས་གནས་ཚུལ་དེ་དང་འབྲེལ་ནས་གསུང་དོན། བོད་ནང་ནས་རང་ལུས་མེར་སྲེག་གཏོང་སྟངས་སྣ་ཚོགས་ཤིག་ཡོང་གི་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྔ་ས་ནས་ཤེས་ཀྱི་ཡོད་སྐོར་དང་། དེ་བཞིན་ད་རེས་གནས་ཚུལ་ཁ་གསལ་པོ་ཆགས་པ་ཕྱི་ལོ་༢༠༡༢  ཕྱི་ཟླ་༤ པའི་ཚེས་༦ ཉིན་བོད་མདོ་ཁམས་དར་མདོ་རྫོང་མི་ཉག་ལྷ་སྒང་བྲག་དཀར་དགོན་གྱི་རང་ལོ་༤༥ ལ་སོན་པའི་མཁན་ཟུར་ཐུབ་བསྟན་སྙན་གྲགས་དང་། རང་ལོ་༢༣ ཡིན་པའི་ཁོང་གི་ཚ་མོ་བཙུན་མ་ཨ་ཚེ་གཉིས་ཀྱིས་རང་ལུས་མེག་སྲེག་བཏང་ནས་འདས་གྲོངས་སུ་སོང་ཡོད་པ། བོད་མིའི་སྒྲིག་འཛུགས་ཀྱིས་རང་ལུས་མེར་སྲེག་གཏོང་མཁན་ཚོའི་གྲལ་དུ་བགྲངས་རྒྱུ་ཡིན་སྐོར་གསུངས་སོང་ལ། དེ་བཞིན་སྐབས་༡༥ པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ལྔ་པའི་ཉིན་མཐའ་མིའི་ཐོག་ཏུ། ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཀྱང་གནས་ཚུལ་དེ་ཁ་གསལ་བྱུང་ཡོད་པས། བཀའ་སྤྱི་གཉིས་ཀྱི་ཐོག་ནས་རང་ལུས་མེར་སྲེག་གཏོང་མཁན་ཚོའི་གྲལ་དུ་བགྲངས་རྒྱུ་ཡིན་ཚུལ་གསུངས་ཡོད་པ་རེད།

ཁོང་གཉིས་ཀྱིས་རང་ལུས་མེར་སྲེག་མ་བཏང་བའི་སྔོན་དུ་མཁན་ཟུར་གྱིས་ཁ་པར་བརྒྱུད་ནང་མི་རྣམས་ལ་གསུང་དོན། “ད་ནས་ཉིན་འདི་གའི་རིང་ཉེ་ལམ་བོད་སྤྱི་པའི་དོན་དུ་རང་ལུས་མེ་རུ་སྤར་ཞིང་རང་སྲོག་བློས་བཏང་བའི་བོད་ཀྱི་རྒྱལ་གཅེས་ཕོ་མོ་རྣམས་ཀྱི་དགེ་རྩའི་ཆེད་དུ་མར་མེའི་མཆོད་འབུལ་རྒྱས་པ་ཞིག་འབུལ་དགོས ཞེས་གསུངས་ནས་མཆོད་མར་འབོར་ཆེན་ཉོས་ནས་གཟིམ་ཁང་དུ་བརྩིགས་པ་དང༌། རང་ལུས་མེར་སྲེག་མ་གཏང་བའི་ཉིན་ལྔ་ཙམ་སྔོན་ནས་མཆོད་མེ་མང་པོ་སྤར་བ་དང་དུས་མཚུངས་ཕྱོགས་གཞན་དུ་ཡོད་པའི་སློབ་མ་རྣམས་ལའང་སྲོག་བསླུ་ཚེ་ཐར་གྲངས་མང་གཏོང་གནང་བཅུག་ཡོད་འདུག་ཅིང༌།

ཕྱི་ལོ་༢༠༡༢ ཟླ་༤ ཚེས་ ༦ བོད་ནང་གི་སྔ་དྲོའི་ཆུ་ཚོད་༡༠ཙམ་དུ་ཁོང་གིས་ནང་མིར་ཞལ་པར་གནང་སྟེ་གསུང་དོན། “དེ་རིང་བོད་ཚེས་བཅོ་ལྔ་ཡིན་པས་ངས་དེ་རིང་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་མར་མེ་མང་པོ་སྤར་ཡོད་ལ་དེ་རིང་རང་སེམས་བདེ་དགོས་པའི་ཚོགས་རླབས་ཆེན་ཞིག་རྫོགས་བཅུག་རྒྱུ་ཡིན ཞེས་མཐའ་མའི་ཞལ་ཆེམས་ཀྱི་ཚུལ་དུ་གསུངས་ཡོད་པ་ལྟར། དུས་ཚོད་ཅུང་མ་འགོར་བར་ཁོང་གི་གཟིམ་ཁང་གྲྭ་ཤག་དང་བཅས་མེ་ཕུང་དུ་གྱུར་ཏེ་མཁན་རིན་པོ་ཆེ་དང་ཁོང་གི་ཚ་མོ་གཉིས་ཀ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་འདུག

གནས་ཚུལ་དེ་བྱུང་མ་ཐག་དར་རྩེ་མདོ་ས་ཁུལ་ནས་ཉེན་རྟོག་པ་དགོན་སྡེར་འབྱོར་ཏེ་དམ་བསྒྲགས་ཤུགས་ཆེ་བྱས་པར་བརྟེན། དགོན་པའི་ལས་སྣེ་སོགས་ནས་ཆོས་སྒོ་རྒྱག་རྒྱུར་དོགས་ཏེ་གཟིམ་ཤག་ཏུ་མེ་ཤོར་བ་ལས་རང་ལུས་མེར་སྲེག་བཏང་བའི་སྐོར་གསང་རྒྱ་བྱས་པས་གནས་སྐབས་རིང་ཉེན་རྟོག་མི་སྣའང་ཕྱིར་འཐེན་བྱས་ཡོད་འདུག་ཀྱང༌། རིམ་པས་ས་གནས་སུ་བརྒྱུད་ལམ་སོགས་གང་སར་དམ་དྲག་ཆེན་པོ་བྱས་པ་མ་ཟད། དེ་སྔ་རིན་པོ་ཆེ་མཆོག་ནས་མཁན་ཆེན་ཁྲི་པ་གནང་ཡུལ་ཁམས་སྡེ་དགེ་རྫོགས་ཆེན་དགོན་དང་ཉེ་འཁོར་ས་གནས་སུ་ངོ་རྒོལ་བསྟུད་མར་བྱུང་བའི་རྐྱེན་གྱིས། ཉེན་རྟོག་པ་མང་པོ་ས་གནས་སུ་འབྱོར་ཏེ་ས་གནས་བོད་མི་མང་པོར་དོན་མེད་ཉེས་རྡུང་བཏང་སྟེ་རྨས་སྐྱོན་བཏང་བ་སོགས་ལ་བརྟེན་རྫོགས་ཆེན་དགོན་དང༌། ཤྲིའ་སེང་ལྔ་རིག་ཆོས་གྲྭ། རྫོགས་ཆེན་པདྨ་ཐང་སྒྲུབ་སྡེ་སོགས་ཀྱི་སྤྲུལ་སྐུ་དང་མཁན་པོ། གྲྭ་བཙུན་སོགས་ཁྱོན་ཆེ་རྫོགས་ཆེན་ས་གནས་མི་མང་སྲིད་གཞུང་ཟེར་བའི་མངགས་གཏོང་ཁང་གི་སྒོ་འགྲམ་དུ་འཛོམས་ཏེ། དོན་མེད་ཉེས་རྡུང་གཏོང་བ་དང་དྲག་པོའི་དམག་དཔུང་མྱུར་དུ་ཕྱིར་འཐེན་བྱ་དགོས་པ་སོགས་ཀྱི་ཞི་རྒོལ་གཅིག་རྗེས་གཉིས་མཐུད་དུ་བྱས་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད།

མཁན་ཆེན་ཁྲི་ཟུར་སྤྲུལ་སྐུ་ཨ་ཐུབ་བམ་ཐུབ་བསྟན་སྙན་གྲགས་རིན་པོ་ཆེ་མཆོག་དགུང་ལོ་༤༥ ཙམ་དུ་ཕེབས་ཀྱི་ཡོད་པ་དང༌། ཁོང་གི་ཚ་མོ་བཙུན་མ་ཨ་ཚེ་དགུང་ལོ་༢༣ ཙམ་དུ་སོན་གྱི་ཡོད་འདུག མཁན་ཆེན་ཁྲི་ཟུར་སྤྲུལ་སྐུ་ཨ་ཐུབ་རིན་པོ་ཆེ་མཆོག་སྐུ་ཆུང་དུས་ནས་ཁམས་མི་ཉག་ལྷ་ཁང་བྲག་མཁར་དགོན་དུ་གྲྭ་ཞུགས་གནང་ཞིང༌། མི་ཉག་བྲག་མཁར་བཤད་གྲྭ་དང༌། ལྷ་སའི་འབྲས་སྤུངས་དགོན། རྔ་པ་ཀི་རྟི་དགོན་སོགས་སུ་སློབ་གཉེར་གནང༌། རྫོགས་ཆེན་གདན་ས་རང་ནས་གསན་བསམ་ཉམས་བཞེས་གནང་བསྟུན་ཁམས་རྫོགས་ཆེན་གདན་ས་ཨ་མའི་ཁྲི་པའི་ཐུགས་འགན་བཞེས་མྱོང་ཡོད་པ་རེད་འདུག