༄༅།། རྫི་བོའི་ཁེར་ལབ་ཤོར།
༄༅།། རྫི་བོའི་ཁེར་ལབ་ཤོར།
རི་ཟོམ་གྱི་འདབས་རོལ་ན་རྫི་བོ་ཚོའི་མེ་ཏོག་འཐུ་བཞིན་སྤྲིན་དཀར་ལ་རྒྱང་མཇལ་བྱས།
ལུག་ཁྱུའི་འབའ་སྒྲ་ལ་ཉན་བཞིན་རྫི་གླུ་སྙན་པོ་རི་ལུང་ལ་སྤར།
ནོར་ནག་གི་རྨིག་རྗེས་འཚོལ་ཏེ་ཆར་སྨུག་གི་གསེབ་ནས་ཀི་རིང་བཏབས།
རྫ་སྒང་དང་སྤང་ལྗོངས་འགྲིམས་ཏེ་སེམས་གཞས་སྙན་པོ་རྒྱང་རིང་ལ་བསྐུར །
འུར་ཆ་དཀྲོལ་བཞིན་གནམ་མཐའི་ཆར་སྨག་ལ་འཁར་ར་བྱས།
རླུང་བུའི་རྒྱུ་ཕྱོགས་སུ་མཛའ་གྲོགས་དྲན་གླུ་གཅིག་སྣེ་གཉིས་མཐུད་བྱས།
སྔོ་ལྗང་གི་ནེམ་ཤ་ལ་རྐང་མཐིལ་གླན་བཞིན་དགའ་གྲོགས་ཀྱི་བརྩེ་བ་སེམས་ལ་བརྩེགས།
རི་ལུང་དང་གཙང་བོ་སོགས་སུ་བརྒྱུད་དེ་སླར་ཡང་དུངས་བ་གསོན་པོ་ཞིག་གིས་སེམས་ཁམས་གསོས།
རི་ལུང་གི་བཞག་པའི་བག་ཆགས་རེ་རེ་སེམས་སུ་བསྐོས།
སྤྲིན་དཀར་གྱི་འོག་རོལ་ན་ཁེར་རྐྱང་གི་འབོད་ཚིག་གྲངས་མང་བྲག་རི་དང་རྫ་ཆུ་ལ་ཕུལ།
བརྩེ་དུང་གི་བཞུར་དབྱངས་སྙན་པོ་རེ་བྲང་གཞུང་ནས་སླར་ཡང་འཕྱུར།
མེ་ཏོག་དང་ཁུག་རྟ་སོགས་ལ་གསང་བའི་སེམས་ཚོར་སྣ་ཚོགས་ཁེར་ལབ་ཤོར།
འདི་ནི་རི་ཀླུང་ནས་རྙེད་པའི་བག་ཆགས་ཤིག་དང་ལུག་ཁྱུའི་བཞག་པའི་གཏམ་རྒྱུད་རིང་མོ་ཞིག།
མཐའ་མེད་པའི་རྩྭ་ཐང་རེ་རེ་ཁྱེད་ཀྱི་སེམས་ངོགས་སུ་སྤར་བཞིན་མིག་ཆུ་དང་མཉམ་དུ་སླར་ཡང་
རི་ལུང་གི་ཡུལ་གྲུ་མང་པོར་འགྲིམས། འབྲི་མར་སེར་པོ་དང་འོ་ཇ་མངར་མོའི་བྲོ་བ་དང་མཉམ་དུ་འགྲོགས།
མི་ཚེ་ཁུ་སིམ་དང་དྲོད་སྣང་གིས་མཁའ་དབྱིངས་སུ་སྙེག།
དུང་བ་དང་དྲན་གླུའི་འོག་སྟེང་ན་ཆུང་གྲོགས་ཀྱིས་སྣང་བརྙན་སྒོམ།
རི་ཁུའི་ཆར་སྨུག་ཇེ་མཐུག་རུ་བྱིན་སྐབས་ཁྱེད་ཀྱི་དུང་བའི་མིག་ཆུ་ཞལ་ངོ་ནས་ཡང་ཡང་བཞུར།
འདི་ནི་སུ་ཞིག་གིས་བཞག་པའི་ལོ་རྒྱུས་ཡོད་མོད་ལྐོག་གྱུར་གྱི་གསང་བ་ཕྲ་མོ་ཞིག་མ་ཡིན་ནམ།
སྡོང་རྩེ་ནས་བྱིས་ཆུང་ཁེར་འཕུར་དེས་ཁྱེད་ལ་སེམས་གསོ་དང་སྐྱོ་གྲོགས་བྱས།
རྫ་ཆུའི་རླབས་སྒྲ་དང་ནགས་ལོའི་ཤུགས་གླུ་ཁྱེད་ཀྱི་རྩེད་གྲོགས་མ་ཡིན་ནམ། དེས་ཕྱིར་ནམ་ཡང་་་་་་་་་་་་་་་་་་་་་་་་་་་་་་་
དཔལ་ཤུལ་བསོད་ནམས་ཕུན་ཚོགས་སམ་གསེར་འབྲོང་སྲས་སུ་
འབོད་པས་རང་ཤག་གསར་བའི་རབ་གསལ་འགྲམ་ནས་སུག་བྲིས་བགྱིས་སོ། ༢༠༡༣ ༤ ༤་