སྲཱོང་ཚང་གི་བུ་མོ་སྤུན་གསུམ།
༡། གཅེན་མོ་སྲཱོང་ཨེ་ལིང་།
སྡུག་རུས་ཆེན་པོ་ཕ་རྒན་དྲིན་ཆེ་བས།།
ཕུ་ནུའི་བསོད་བདེ་འཕེལ་ཞིང་དུས་བཟང་དེར།།
རྒྱ་མཚོ་ཆེན་མོའི་ཡོལ་བའི་ཕ་རོལ་དུ།།
ཕྱི་གླེང་ཤེས་བྱ་སྦྱོང་བའི་སྐལ་ལྡན་མ།།
གཞན་ནུ་ལང་ཚོའི་མེ་ཏོག་ལྡུམ་རྭའི་ནང་།།
ཤེས་སྤྱོད་གཉིས་འཛོམས་སྒེག་པའི་ཉམས་ལྡན་མས།།
ཐོབ་དང་གོ་དབང་མ་རེ་ལོངས་སྤྱོད་ཕྱིར།།
གཙིགས་སུ་འཛིན་མཁས་ཞེན་ཆགས་སེམས་ནས་སྐྱེས།།
མི་ཚེའི་ལོངས་སྤྱོད་དམིགས་རྟེན་མེ་ཏོག་མ།།
ཕྱུག་བདག་ཁཱོང་ཚང་བུ་ཡི་པང་དུ་འདུས།།
ཀླུ་རྒྱལ་གཏེར་ལ་འགྲན་ཕོད་ནོར་བདག་མ།།
གྲགས་པ་ཡུལ་གྲུ་ཀུན་དུ་རླུང་བཞིན་ཁྱབ།།
༢། གཅུང་མོ་སྲཱོང་ཆིང་ལིང་།
ཕྱི་གླིང་ཤེས་བྱའི་ནགས་ཚུལ་སྟུག་པོའི་ཕྲོད།།
ཁྱད་འཕགས་ཡིད་འོངས་ཤར་ཕྱོགས་མཛེས་མ་ཞེས།།
སྙན་པ་འབར་བཞིན་བརྩོན་འགྲུས་ལྷོད་པའི་ངོས།།
བདེན་པའི་འདུན་པ་སྦྲུམ་པའི་འོད་འཆང་མ།།
བཙན་རྒོད་གཉའ་གནོན་དབུལ་ཕོངས་སྐྱོང་མཁས་ཤིང་།།
དམངས་གསུམ་རིང་ལུགས་གསར་སྟོད་སྲུན་ཀྲོན་ཧྲན།།
ཕན་ཚུན་ཕ་བུའི་ལོ་ཚད་བརྒལ་ཟིན་ཡང་།།
བརྩེ་སེམས་དྭངས་མའི་དུང་བའི་འཛུམ་པ་ཤོར།།
མཛའ་གྲོགས་ལྷན་དུ་ཟང་ཟིང་དུས་འགྱུར་སྐབས།།
ཕམ་ཉེས་གྱོང་རྒུད་ཕྲག་པས་འདེགས་བཞིན་དུ།།
དམིགས་ངན་འཆང་མཁན་ཁ་གཏད་སྣ་མང་འཐབ།།
ལངས་ཕྱོགས་སྲ་བརྟན་དྲང་ཚུགས་ཡིད་ཀྱིས་བཟུང་།།
༣། ཐ་ཆུང་སྲཱོང་མའེ་ལིང་།
ལང་ཚོའི་ལྡེམ་འཁྱུག་མྱུར་བའི་གཟུགས་མཛེས་མ།།
ཤེས་བྱའི་རྭ་བར་རང་དབང་ལྡིང་དང་ལྷན།།
ཡིད་མོས་གང་ཤར་སེམས་ཀྱི་སྐྱིད་ཉམས་ལས།།
མིང་དང་གོ་སའི་གཉིད་ཀྱི་ལྗོངས་རྒྱུ་མ།།
འུར་བཤད་ཧོར་རྒྱུག་ཚ་བའི་ཅཱང་ཅེ་ཧྲིས།།
སྲུན་ཀྲོང་ཧྲན་གྱི་ཕུལ་བྱུང་སློབ་མ་ཁོའི།།
དཔའ་ངར་བློ་སྟོབས་ཆེ་ཞེས་ཕྱི་ཚུལ་ལས།།
རྔམ་སེམས་ངར་མོར་འཆང་བའི་ཞེན་ཆགས་མ།།
ཁྱོ་གའི་གོ་དབང་བརྟན་པའི་རེ་འདོད་དང་།།
སྒེག་ཉམས་དྲི་ཞིམ་ངོམས་པའི་དྲེགས་ཅན་མ།།
མཐའ་མར་ཕམ་ཁའི་འདམ་དུ་བྱིང་བའི་དུས།།
ཁེངས་པའི་མཆི་མ་བསྐྱིལ་བའི་ནུ་རྒྱས་མ།།
མཆན། སྲཱོང་ཚང་། དུས་རབས་སུམ་ཅུའི་ནང་རྒྱ་ནང་གྲགས་ཆེ་བའི་ཁྱིམ་བརྒྱུད་བཞིའི་ཡ་གྱར་ཞིགོ