སྐྱེ་རྒུ་མདོའི་ཡུལ་མིའི་སྡོད་ཁང་༡༠༠༠ ལྷག་གཏོར་བཤིག

2013_4_5_3

རྒྱ་གཞུང་གིས་ཉེ་ཆར་སླར་ཡང་ཁམས་སྐྱེ་རྒུ་མདོའི་བོད་མིའི་སྡོད་ཁང་གཅིག་སྟོང་ལྷག་བཙན་དབང་གིས། གཏོར་བཤིག་བཏང་ཏེ་བོད་མི་ཚོར་གུར་ཡང་རྒྱག་མི་ཆོག་པའི་བཙན་བཀའ་བཏང་བར་བརྟེན། ད་ལྟ་བོད་མི་དེ་དག་ལ་འདུག་ས་མེད་པའི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༣ ཉིན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གཞུང་གིས་སྔོན་བརྡ་སོགས་གང་ཡང་མ་བཏང་བར་སྐྱེ་རྒུ་མདོ་ཁུལ་དུ་མང་ཚོགས་ཀྱི་སྡོད་ཁང་བཙན་དབང་གིས་བཤིག་སྟེ། ཁྱིམ་ཚང་མང་པོའི་ཅ་དངོས་ཀྱང་བསྡུ་ཁོམ་མ་བྱུང་བར་བཙན་ཤེད་ངང་ཁོང་ཚོའི་ཁང་པ་གཏོར་བཤིག་བཏང་ཡོད་འདུག་ལ།  དེ་བཞིན་ཁང་པ་བཤིག་པའི་སྐབས་རྒྱ་གཞུང་གིས་དྲག་ཆས་ཉེན་རྟོག་དམག་མི་དང་ཉེན་རྟོག་པ་མང་པོ་མངགས་གཏོང་བྱས་པ་དེ་དག་གིས། བོད་མི་རྣམས་རང་ཁྱིམ་ནས་ཕྱིར་འབུད་བཏང་བའི་གནས་ཚུལ་བྱུང་འདུག

2013_4_5_3དེ་བཞིན་ཁང་པ་དེ་དག་ནི་མང་ཚོགས་སྒེར་གྱི་འགྲོ་གྲོན་གྱིས་ས་ཆ་ཉོས་ཏེ་སྒེར་ངོས་ནས་བརྒྱབ་པའི་ཁང་པ་ཡིན་པ་དང་།  སྔོན་བརྡ་སོགས་གང་ཡང་མ་བཏང་བར་ཁང་པ་གཏོར་བཤིག་བཏང་བར་བརྟེན་མང་ཚོགས་སྡོད་ས་མེད་པ་མ་ཟད། ད་ལྟ་གུར་ཙམ་ཡང་རྒྱག་མི་ཆོག་བཙན་བཀའ་བཏང་ཡོད་འདུག

སྐྱེ་རྒུ་མདོར་ས་ཡོམ་གྱི་གནོད་འཚེ་མ་བྱུང་སྔོན་མི་མང་པོ་ཞིག་གིས་སྐྱེ་རྒུ་གྲོང་རྡལ་གྱི་ས་ཆ་ཉོས་ནས་ཁང་པ་བརྒྱབ་སྟེ་འཚོ་གནས་བྱེད་བཞིན་ཡོད་པ་དང་། ས་ཡོམ་གྱི་གོད་ཆག་བྱུང་བའི་རྗེས་ཁང་པ་བཤིག་ན་ཡང་གཞུང་ཕྱོགས་ནས་གནོད་འཚེ་ཕོག་ཡུལ་ས་གནས་མི་མང་ལ། ཁང་པ་གསར་རྒྱག་གི་འཛུགས་སྐྲུན་བྱས་མེད་པར་བརྟེན། མི་མང་པོ་ཞིག་གིས་སོ་སོའི་ས་ཆའི་སྟེང་སྒེར་གྱི་མ་དངུལ་བཏང་ནས་ཁང་པ་གསར་རྒྱག་བྱས་ཡོད་འདུག།  འོན་ཀྱང་ད་ཆར་རྒྱ་གཞུང་གིས་ཁོང་ཚོའི་ཐེམ་ཐོ་ཡོད་ས་འདི་སྐྱེ་རྒུ་གྲོང་རྡལ་གྱི་ཁོངས་སུ་མིན་པས་དེ་སྔོན་ཁོང་ཚོར་ཡོད་པའི་ས་ཁང་གི་བདག་དབང་ལ་ཁས་ལེན་བྱ་རྒྱུ་མིན་སྐོར་བཤད་དེ་ལས་འགུལ་དེ་སྤེལ་གྱི་ཡོད་པ་རེད་འདུག